ཨ་རིའི་སྲིད་འཛིན་ཇོ་བྷ་ཌན་ཚེས་༡༨ ཉིན་ཨི་སི་རིལ་ལ་རྒྱབ་སྐྱོར་མཚོན་ཆེད་དུ་ཕེབས་རྒྱུ་རེད་འདུག

ཟླ་འདིའི་ཚེས་༡༧ ཉིན་(The Guardian) ་ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། བདུན་འདིའི་རེས་གཟའ་ལྷག་པའི་ཉིན་ཨ་རིའི་སྲིད་འཛིན་ཨི་སི་རིལ་ལ་ཕེབས་རྒྱུ་དང་། ཨི་སི་རིལ་གྱིས་གྷ་རྫའི་བྱང་ཕྱོགས་སུ་ཡོད་པའི་པ་ལི་སི་ཐན་གྱི་མི་རྣམས་དུས་ཡུན་ཆུ་ཚོད་༢༤ རིང་གྷ་རྫའི་ལྷོ་ཕྱོགས་ས་ཁུལ་གྱི་མཐའ་མཚམས་སུ་སྤོ་དགོས་ཞེས་བཀོད་ཁྱབ་བཏང་ནས་བཟུང་། ད་བར་མི་གྲངས་འབུམ་དྲུག་ལྷག་སྤོས་ཟིན་ཡང་ད་དུང་མི་གྲངས་འབུམ་གཅིག་ལྷག་ས་གནས་སུ་ལྷག་ཡོད་པ་སོགས་ཀྱི་གནས་ཚུལ་ཐོན་འདུག

(པར། ABC)

ཟླ་འདིའི་ཚེས་༡༣ ཉིན་གྱི་ཞོགས་པ་ཨི་སི་རིལ་གྱིས་གྷ་རྫའི་བྱང་ཕྱོགས་སུ་ཡོད་པའི་པ་ལི་སི་ཐན་གྱི་མི་རྣམས་དུས་ཡུན་ཆུ་ཚོད་༢༤ རིང་གྷ་རྫའི་ལྷོ་ཕྱོགས་ས་ཁུལ་གྱི་མཐའ་མཚམས་སུ་སྤོ་དགོས་ཞེས་བཀོད་ཁྱབ་བཏང་ཡོད་པ་དང་། སྐབས་དེར་ཧ་མ་སིའི་དམག་དཔུང་གིས་པ་ལི་སི་ཐན་བ་ཚོས་ཨི་སི་རིལ་གྱི་གསལ་བསྒྲགས་སྣང་མེད་དུ་བཏང་ནས་ཁྱིམ་དུ་སྡོད་ཅེས་བརྗོད་ཡོད་པ་དང་། རྗེས་སུ་སྤོ་མཁན་ཚོའི་ལམ་ཀ་ཡང་བཀག་ཡོད་འདུག ད་ལྟའི་ཆར་པ་ལི་སི་ཐན་བ་འབུམ་དྲུག་ལྷག་སྤོས་ཟིན་ཡང་ད་དུང་ས་གནས་སུ་མི་གྲངས་འབུམ་གཅིག་ལྷག་སྤོ་མ་ཐུབ་པ་ལུས་ཡོད་འདུག

ཨ་རིའི་གཞུང་གིས་ཨི་སི་རིལ་ལ་རྒྱབ་སྐྱོར་མཚོན་ཆེད་ཟླ་འདིའི་ཚེས་༡༨ ཉིན་ཨ་རིའི་སྲིད་འཛིན་བྷ་ཌན་ཨི་སི་རིལ་ལ་ཕེབས་རྒྱུ་རེད་འདུག་པ་དང་། དམག་འཁྲུག་གི་ཁྲོད་དུ་ཨ་རི་བ་༣༠ ཡི་ཚེ་སྲོག་ཤོར་ཞིང་ད་དུང་ཡང་མི་གྲངས་༡༣ གྱི་གནས་སྟངས་གང་ཡང་ཤེས་རྟོགས་བྱུང་མེད་པ་རེད་འདུག

ཧ་མ་སིའི་གཏོར་རྒོལ་ཁྲོད་དུ་འདས་གྲོངས་སུ་ཕྱིན་པའི་མི་གྲངས་༣༥༠ ཡི་ངོ་རྟགས་ད་དུང་ཆོད་མེད་པ་དང་། མི་དེ་དག་མེས་ཚིག་ཆེ་དྲགས་པ་དང་ཕུང་པོ་མ་རྙེད་གོང་ནས་རུལ་བ་སོགས་ལ་བརྟེན་ནས་ངོ་རྟགས་ཆོད་དཀའ་བ་གྱུར་འདུག

(པར།The Guardian)

ཨི་སི་རིལ་གྱིས་བརྗོད་གསལ་ལྟར་ན། ཧ་མ་སིའི་ལག་ཏུ་འཛིན་བཟུང་བྱས་པའི་གཏའ་མི་༡༩༩ ཡོད་འདུག་ཀྱང། ཧ་མ་སིའི་མགྲིན་ཚབ་པས་ཁོང་ཚོའི་ལག་ཏུ་མི་གྲངས་༢༠༠ ནས་༢༥༠ བར་ཡོད་ཅེས་བརྗོད། ཧ་མ་སིས་ཁོང་ཚོས་འཛིན་བཟུང་བྱས་པའི་གཏའ་མི་རྣམས་གློད་བཀྲོལ་གཏོང་དགོས་ན། ཨི་སི་རིལ་གྱི་ལག་ཏུ་ཡོད་པའི་པ་ལི་སི་ཐན་གྱི་བཙོན་པ་༦༠༠༠ གློད་བཀྲོལ་གཏོང་དགོས་ཞེས་ཆ་རྐྱེན་བཏོན་ཡོད་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གྷ་རྫ་ལ་ཡོད་པའི་སྨན་ཁང་༣༥ ཡི་ནང་དུ་ཡོད་པའི་ནད་པ་༣༥༠༠ ལྷག་ཛ་དྲག་གི་གནས་སུ་ལྷུང་ཡོད་པས་ཁོང་ཚོ་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ཤར་གཏོང་ཐུབ་རྒྱུའི་འབོད་སྐུལ་ཞུས་ཡོད་འདུག

ཟླ་འདིའི་ཚེས་༧ ཉིན་དམག་འཁྲུག་འགོ་བཙུགས་ནས་བཟུང་ད་བར་ཧ་མ་སིས་ཨི་སི་རིལ་ནང་མི་གྲངས་༡༣༠༠ ལྷག་བསད་ཡོད་པ་དང་། ཨི་སི་རིལ་གྱིས་འཁོན་ལན་བསློགས་ནས་ད་བར་མི་གྲངས་༢༧༠༠ ལྷག་བསད་ཡོད་འདུག།

གསར་འགོད་པ་བློ་བཟང་རྒྱ་མཚོ།