ཨ་རིའི་སྲིད་འཛིན་བྷ་ཌན་གྱིས་ཞི་ཅིན་ཕིང་ལ་སྒེར་གཅོད་པ་རེད་ཅེས་བསྐྱར་དུ་བརྗོད་འདུག

ཟླ་འདིའི་ཚེས་༡༥ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རྒྱ་གཉིས་ཀྱི་སྲིད་འཛིན་བར་ཐུག་འཕྲད་ཐེངས་གཉིས་པ་དེ་ལེགས་གྲུབ་བྱུང་ཡོད་རབས་བརྗོད་ཀྱང་། གསར་འགོད་པའི་དྲི་བའི་ལན་དུ་ཨ་རིའི་སྲིད་འཛིན་བྷ་ཌན་གྱིས་ཞི་ཅིན་ཕིང་ནི་སྒེར་གཅོད་པ་ཞིག་རེད་ཅེས་ཐེངས་གཉིས་པ་དེ་བརྗོད་ཡོད་པ་སོགསཀྱི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཚེས་༡༥ ཉིན་ཨ་རིའི་མངའ་སྡེ་ཁ་ལི་ཧྥོ་ནེ་ཡ་(California) ལ་ཨ་རྒྱ་གཉིས་ཀྱི་སྲིད་འཛིན་བར་ཐུག་འཕྲད་ཐེངས་གཉིས་པ་དེ་དངོས་སུ་བྱས་ཡོད་འདུག ཐེངས་འདིའི་ཐུག་འཕྲད་སྐབས་ཐེ་ཝན་དང་འགྲོ་བ་མིའི་ཐོབ་ཐང་། དབུས་ཤར་ཨེ་ཤེ་ཡའི་ནང་གི་དམག་འཁྲུག་སོགས་བརྗོད་གཞི་སྣ་ཚོགས་ཐོག་གླེང་སློང་བྱུང་ཡོད་པ་མ་ཟད། ལོ་སྔོན་མ་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ནན་སི་པི་ལོ་སི (Nancy Pelosi) ཐེ་ཝན་ལ་ཕེབས་པར་བརྟེན། རྒྱ་ནག་གཞུང་གིས་ཨ་རིའི་དམག་དཔུང་དང་འབྲེལ་ཐག་བཅད་ཡོད་པ་དེ་ཐེངས་འདིའི་སྲིད་འཛིན་གཉིས་ཀྱི་གྲོས་མོལ་བརྒྱུད་ནས་བསྐྱར་གསོ་བྱས་ཡོད་འདུག

བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱལ་ཁབ་གཉིས་པོས་ཟུང་སྦྲེལ་ཐོག་བཅོས་མའི་རིག་རྩལ་(Artificial intelligence) ཐོག་ལ་ཞིབ་འཇུག་བྱེད་རྒྱུ་ཁས་ལེན་ཡང་བྱས་ཡོད་འདུག དེ་བཞིནཨ་རིའི་གཞུང་འབྲེལ་མི་སྣ་ཞིག་གིས་བརྗོད་གསལ་ལྟར་ན། སྲིད་འཛིན་གཉིས་པོས་ཐེ་ཝན་གྱི་གནད་དོན་ཐོག་བཀའ་མོལ་ཡུན་རིང་པོ་གནང་ཞིང་། ལྷག་པར་དུ་ཞི་ཅིན་ཕིང་གིས་ཐེ་ཝན་གྱི་གནད་དོན་དེ་ནི་ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་ཁྲོད་ཀྱི་གནད་དོན་ཉེན་ཚབས་ཆེ་ཤོས་དང་རྒྱ་ཆེ་ཤོས་ཤིག་རེད་ཅེས་བརྗོད་ཡོད་འདུག

གཞན་ཡང་རྒྱ་གར་གྱི་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིའི་སྲིད་འཛིན་གྱིས་ལོ་རྗེས་མའི་ཕྱི་ཟླ་༡ པོའི་ནང་ཐེ་ཝན་གྱི་འོས་བསྡུའི་ནང་རྒྱ་ནག་གི་ཐེ་གཏོགས་མི་བྱེད་པའི་འབོད་སྐུལ་ཞུས་ཡོད་པའི་ཐོག་རྒྱ་ནག་གིས་ཐེ་ཝན་གྱི་མཐའ་སྐོར་དུ་དམག་མི་དང་གོ་མཚོན་གསོག་འཇོག་བྱེད་བཞིན་པའི་སྐོར་བཀའ་མོལ་གནང་སྐབས། ཞི་ཅིན་ཕིང་གིས་ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུའི་འཆར་གཞི་མེད་ཅེས་བརྗོད་ཡོད་པ་ཨ་རིའི་གཞུང་འབྲེལ་མི་སྣ་ཞིག་གིས་བརྗོད་འདུག

ཨ་རྒྱ་གཉིས་ཀྱི་སྲིད་འཛིན་བར་ཐུག་འཕྲད་གྲུབ་རྗེས། སྲིད་འཛིན་བྷ་ཌན་གྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་སྐབས། ཨ་རིའི་གསར་འགོད་པ་ཞིག་གིས་ལོ་འདིའི་ཕྱི་ཟླ་དྲུག་པའི་ནང་ཁྱེད་ཀྱིས་རྒྱ་ནག་གི་སྲིད་འཛིན་ལ་སྒེར་གཅོད་པ་ཞེས་བརྗོད་ཡོད་པས་ཁོང་སྒེར་གཅོད་པ་རེད་མ་རེད་ཅེས་དྲིས་པའི་ལན་དུ། སྲིད་འཛིན་བྷ་ཌན་གྱིས་ཁོང་ནི་སྒེར་གཅོད་པ་རེད་ཅེས་ལན་འདེབས་བྱས་འདུག སྲིད་འཛིན་གཉིས་པོས་ཐེངས་འདིའི་ཐུག་འཕྲད་དེ་དོན་སྙིང་ལྡན་པ་ཞིག་བྱུང་ཡོད་པ་ཇི་ལྟར་བརྗོད་ཀྱང་། སྲིད་འཛིན་བྷ་ཌན་གྱི་སྐད་ཆ་དེས་སྲིད་འཛིན་གཉིས་ཀྱི་དུས་ཡུན་ཆུ་ཚོད་བཞིའི་རིང་གི་གྲོས་མོལ་ལས་ཐོབ་པའི་གྲུབ་འབྲས་ལ་དོ་ཕོག་འབྱུང་སྲིད་པ་རྒྱ་གར་དུས་བབ་ཀྱིས་གནས་ཚུལ་བཀོད་འདུག

ལོ་འདིའི་ཕྱི་ཟླ་དྲུག་པའི་ཨ་རིའི་སྲིད་འཛིན་བྷ་ཌན་གྱིས་སྲིད་འཛིན་ཞི་ཅིན་ཕིང་ནི་སྒེར་གཅོད་པ་རེད་ཅེས་བརྗོད་པའི་རྗེས་རྒྱ་གཞུང་གིས་སྐད་ཆ་དེ་ནི་ཁུངས་ལུང་མེད་པ་དང་ཁོང་ཁྲོ་སློང་བའི་སྐད་ཆ་རེད་ཟེར་ནས་རྒོལ་ལན་བསློགས་ཡོད་འདུག

ཐེངས་འདིའི་རྒྱ་ནག་གི་སྲིད་འཛིན་ཨ་རི་ལ་ཕྱིན་ནས་སྲིད་འཛིན་བྷ་ཌན་དང་ཨ་རིའི་ཚོང་པ་ཚོ་དང་ཐུག་འཕྲད་བྱས་པའི་གོ་སྐབས་དང་བསྟུན། ཨ་རི་ལ་ཡོད་པའི་བོད་པའི་གཞོན་སྐྱེས་གཙོས་པའི་བོད་མི་མང་པོས་ས་གནས་གང་སར་ནས་ཞི་ཅིན་ཕིང་ལ་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་འདུག་ལ། དེ་བཞིན་ཡུ་གུར་དང་ཧོང་ཀོང། ཐེ་ཝན་གྱི་མི་སོགས་ཀྱང་འཛོམས་ཡོད་འདུག ལྷག་པར་དུ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་བ་བུ་མོ་ཚེ་ལྷ་ཡིས་ཨ་རིའི་གྲོང་ཁྱེར་སན་ཧྥེ་རན་སི་སི་ཁོ (San Francisco) ་ཡི་ནང་རྒྱ་ནག་གི་སྲིད་འཛིན་དང་ཨ་རིའི་ཚོང་པ་ཚོའི་བར་ཐུག་འཕྲད་བྱེད་སའི་གསོལ་མགྲོན་ཁང་གི་མདུན་དུ་སྒྲེང་འཛུགས་བྱས་པའི་དར་ཤིང་ཞིག་གི་ཐོག་ཏུ་འཛེགས་ཏེ་བོད་ཀྱི་རྒྱལ་དར་གཡུག་བཞིན་དུས་ཡུན་ཚོུད་༥ ་ལྷག་གི་རིང་ཞི་ཅིན་ཕིང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག །

གསར་འགོད་པ། བློ་བཟང་རྒྱ་མཚོ།