ཨ་རིའི་སྲིད་འཛིན་འོས་མི་ཞིག་གིས་ཨ་རི་ལ་རྒྱབ་འགལ་བྱེད་མཁན་རྒྱལ་ཁབ་ཁག་ལ་རོགས་དངུལ་སྤྲད་རྒྱུ་མིན་ཞེས་བརྗོད་འདུག
ཟླ་འདིའི་ཚེས་༢༦ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིའི་སྲིད་འཛིན་འོས་མི་ནེ་ཀི་(Nikki) ཡིས་གལ་སྲིད་ཁོང་ཉིད་ཨ་རིའི་སྲིད་འཛིན་ཆགས་པ་ཡིན་ན་ཨ་རི་ལ་རྒྱབ་འགལ་བྱེད་མཁན་རྒྱལ་ཁབ་ཚོ་ལ་རོགས་དངུལ་སྤྲད་རྒྱུ་བཀག་འགོག་བྱེད་རྒྱུ་ཡིན་ཞེས་བརྗོད་ཡོད་འདུག
ཕྱི་ལོ་༢༠༢༤ ཟླ་བ་༡༡ པའི་ནང་ཨ་རིའི་སྲིད་འཛིན་འོས་བསྡུ་བྱེད་པའི་དུས་དེ་འཁེལ་གྱི་ཡོད་པ་དང་། ད་ལྟའི་ཆར་ཕྱི་ལོ་༢༠༢༤ ལོའི་སྲིད་འཛིན་འོས་བསྡུར་ཞུགས་རྒྱུའི་གསལ་བསྒྲགས་སྤེལ་མཁན་ཁ་ཤས་བྱུང་ཡོད་པའི་ནང་ནས་ཨ་རིའི་མི་སེར་ཡིན་པའི་རྒྱ་གར་བ་ནེ་ཀི་ནི་ད་ལྟ་དགུང་ལོ་༥༡ ཡིན་པ་དང་། ལོ་འདིའི་ཕྱི་ཟླ་གཉིས་པའི་ཚེས་༡༥ ཉིན་ཁོང་མོས་༢༠༢༤ ལོའི་སྲིད་འཛིན་འོས་བསྡུར་ཞུགས་རྒྱུའི་གསལ་བསྒྲགས་སྤེལ་ཡོད་འདུག
ཟླ་འདིའི་ཚེས་༢༦ ཉིན་ཁོང་གིས་གཏམ་བཤད་ཞིག་བྱས་ཡོད་པ་དང་། སྐབས་དེ་ཁོང་གིས་ཨ་རི་གཞུང་གིས་བྷེ་ལ་རུ་སི་ལ་རོགས་དངུལ་སྤྲད་ཀྱི་ཡོད་པ་དང་རྒྱལ་ཁབ་དེ་ནི་སྲིད་དབང་སྒེར་འཛིན་པ་ཨུ་རུ་སུའི་སྲིད་འཛིན་གྱི་བློ་ཐག་ཉེ་བའི་གྲོགས་པོ་ཞིག་ཡིན་པ་དང་། དེ་བཞིན་ཨ་རི་གཞུང་གིས་དམར་ཤོག་རྒྱལ་ཁབ་ཁྱིའུ་བྷ་ལ་ཡང་རོགས་དངུལ་སྤྲད་ཀྱི་ཡོད་ཅིང་། རྒྱལ་ཁབ་དེ་ནི་ཨ་རི་གཞུང་གིས་འཇིགས་སྐུལ་རིང་ལུགས་པ་ལ་རོགས་སྐྱོར་བྱེད་མཁན་ཞིག་ལ་ངོས་འཛིན་བྱས་ཡོད་པར་བརྟེན། གལ་སྲིད་ཁོང་ཉིད་ཨ་རིའི་སྲིད་འཛིན་དུ་གྱུར་ན། རྒྱལ་ཁབ་དེ་དག་ལ་རོགས་དངུལ་སྤྲད་རྒྱུ་བཀག་འགོག་བྱ་རྒྱུ་ཡིན་ཞེས་བརྗོད་འདུག་ལ།
ཁོང་གིས་ཨ་རི་གཞུང་གིས་འདས་པའི་ལོ་གཅིག་རིང་ཨ་སྒོར་ཐེ་འབུམ་$༤༦ ཡི་པ་ཀི་སི་ཐན་དང་ཨེ་རན་སོགས་ལ་རོགས་རམ་བྱེད་ཀྱི་ཡོད་པ་དང་། པ་ཀི་སི་ཐན་དང་ཛིམ་བྷ་ཝེ་རྒྱལ་ཁབ་གཉིས་ནི་རྒྱ་ནག་གི་ཁུག་མའི་ནང་དུ་ཡོད་པ་མ་ཟད། རྒྱ་ནག་ནི་ཨ་རིའི་དགྲ་བོ་ཨང་དང་པོ་དེ་ཡིན་ཞིང་། འདས་པའི་དུས་ཡུན་རིང་པོའི་ནང་ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ཀས་རྒྱ་ནག་ལ་རོགས་པ་བྱས་ན་རྒྱ་ནག་ནི་དམངས་གཙོ་རྒྱལ་ཁབ་ཅིག་ཏུ་གྱུར་རྒྱུའི་སྟོང་བསམ་བཅངས་ཡོད་པ་དང་། རྒྱ་ནག་ནི་དུས་རྟག་ཏུ་དམར་ཤོག་རྒྱལ་ཁབ་ཅིག་བྱེད་འདོད་ཡོད་པ་ལས་ནམ་ཡང་ཨ་རི་ལྟ་བུ་ཞིག་འགྱུར་འདོད་མེད་པར་བརྟེན། གལ་སྲིད་ཁོང་ཉིད་ཨ་རིའི་སྲིད་འཛིན་དུ་གྱུར་ན་ཨ་རི་ལ་སྡང་ཟུག་དང་ཨ་རི་ལ་རྒྱབ་འགལ་བྱེད་མཁན་རྒྱལ་ཁབ་དག་ལ་རོགས་དངུལ་སྤྲད་རྒྱུ་མཚམས་འཇོག་བྱེད་རྒྱུ་ཡིན་ཞེས་བརྗོད་འདུག
འདས་པའི་ལོ་ངོ་བཅུ་ཕྲག་གཉིས་ཙམ་གྱི་རིང་ཨ་རི་གཞུང་གིས་པ་ཀི་སི་ཐན་ལ་ཨ་སྒོར་ཐེ་འབུམ་$༣༢ ལྷག་གི་རོགས་རམ་བྱས་ཡོད་པ་དང་། ལྷག་པར་དུ་ཕྱི་ལོ་༢༠༢༢ ལོ་པ་ཀི་སི་ཐན་ལ་ཆུ་ལོག་གི་དཀའ་ངལ་འཕྲད་པའི་སྐབས་སུ་ཨ་རི་གཞུང་གིས་པ་ཀི་སི་ཐན་ལ་ཨ་སྒོར་ས་ཡ་$༢༠༠ ཡི་རོགས་རམ་བྱས་ཡོད་འདུག ད་ལྟའི་ཆར་པ་ཀི་སི་ཐན་ལ་དཔལ་འབྱོར་གྱི་དཀའ་ངལ་ཧ་ཅང་ཆེན་མོ་འཕྲད་བཞིན་ཡོད་པས་མ་འོངས་པ་ཨ་རིའི་རོགས་དངུལ་ཉུང་དུ་ཕྱིན་པ་དང་བཀག་འགོག་བྱས་ན་དཀའ་ངལ་ཆེ་རུ་འགྲོ་རྒྱུ་ཡིན་པས་པ་ཀི་སི་ཐན་ལ་མཚོན་ན་སེམས་འཚབ་བྱེད་དགོས་པ་ཞིག་ཆགས་ཡོད་འདུག
སྔ་ལོ་ཕྱི་ཟླ་༡༡ པའི་ནང་ཨ་རིའི་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱིས་ཕྱི་ལོ་༢༠༢༤ ལོའི་སྲིད་འཛིན་འོས་བསྡུར་ཞུགས་རྒྱུའི་གསལ་བསྒྲགས་སྤེལ་ཡོད་པ་དང་། ལོ་འདིའི་ཕྱི་ཟླ་༢ པའི་ནང་ནེ་ཀི་ཡིས་ཁོང་ཉིད་སྲིད་འཛིན་གྱི་འོས་བསྡུར་ཞུགས་རྒྱུའི་གསལ་བསྒྲགས་སྤེལ་ཡོད་ཅིང། ཁོང་གཉིས་ནི་སྤྱི་མཐུན་ཆབ་སྲིད་ཚོགས་པ་ནས་ཡིན་པ་རེད་འདུག
འདས་པའི་ཨ་རིའི་སྲིད་འཛིན་གྱི་འོས་བསྡུ་བསྟུད་མ་གསུམ་གྱི་ནང་ཨ་རིའི་མི་སེར་ཡིན་པའི་རྒྱ་གར་བ་གསུམ་བྱུང་ཡོད་པ་དང་། དེ་ཡང་ཕྱི་ལོ་༢༠༡༦ ལོར་(Bobby Jindal) དང་ཕྱི་ལོ་༢༠༢༠ ལོར་ཨ་རིའི་སྲིད་འཛིན་གྱི་འོས་བསྡུར་མཉམ་ཞུགས་བྱེད་མཁན་ཀ་མ་ལ་ཡིན་པ་དང་། ད་ལྟའི་ཆར་ཁོང་ཉིད་ཨ་རིའི་སྲིད་འཛིན་གཞོན་པའི་གོ་གནས་བཞེས་བཞིན་ཡོད་འདུག་ལ། ཕྱི་ལོ་༢༠༢༤ ལོར་ཨ་རིའི་སྲིད་འཛིན་གྱི་འོས་བསྡུར་ཞུགས་མཁན་ནེ་ཀི་ནི་ལྷོ་ཁོ་རོ་ལི་ན་ཡི་གཞུང་འཛིན་པ་དང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནང་ཨ་རིའི་གཞུང་ཚབ་པའི་ཕྱག་ལས་གནང་མྱོང་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།