ཨ་རིར་མི་གཅིག་གིས་མི་༥༠ སྡེབ་གསོད།
ཟླ་འདིའི་ཚེས་༡༢ ཉིན་ཨ་རིའི་ཧྥོ་ལི་རི་ཌ་མངའ་སྡེའི་གྲོང་ཁྱེར་ཨོར་ལན་ཌོ་ཡི་མཚན་ཚོགས་ཁང་ཞིག་ནང། ཁ་ཆེ་མི་ཞིག་གིས་མེ་མདའ་བརྒྱབ་ནས་མི་༥༠ ལྷག་བསད་པ་དང། མི་༥༠ ལས་མང་བར་རྨས་སྐྱོན་ཕོག་ཡོད་འདུག
མེ་མདའ་རྒྱག་མཁན་རང་ལོ་༢༩ ཡིན་པ་དང་། ཁོང་ཨ་རིའི་དམིགས་བསལ་ཉེན་སྲུང་དམག་མིས་མེ་མདའ་བརྒྱབ་ནས་བསད་ཡོད་འདུག ཁོས་མི་གྲངས་༥༠ བསད་པ་དེ་ནི་ཨ་རིའི་ལོ་རྒྱུས་ནང། མེ་མདའ་བརྒྱབ་ནས་མི་སྡེབ་གསོད་བཏང་བ་མང་ཤོས་དེ་ཡིན་འདུག
ཨ་རིའི་གསང་བའི་ལས་ཁུངས་ཀྱིས། མི་གསོད་མཁན་ཨོ་མར་མེ་ཊེན་གྱིས་དེ་སྔོན་ཁ་ཆེ་འཇིགས་སྐུལ་རིང་ལུགས་པ་ཨཡེ་སེ་སེ་ལ་རྒྱབ་སྐྱོར་ཡོད་པའི་སྐད་ཆ་བཤད་རྐྱེན། ཕྱི་ལོ་༢༠༡༣ ལོར་ཁོ་ལ་འདྲི་གཅོད་ཐེངས་༢ བྱས་ཡོད་འདུག་ཀྱང། ཁོང་གི་ཨ་ཕས་བྱ་སྤྱོད་དེ་ནི་ཆོས་དང་འབྲེལ་བ་མེད་སྐོར་བརྗོད་འདུག
ཨ་རིའི་སྲིད་འཛིན་ཨོ་བྷ་མས་བཙན་རྒོལ་དེ་ནི་འཇིགས་སྐུལ་དང་འཁོན་འཛིན་གྱི་བྱ་སྤྱོད་ཅིག་ཡིན་སྐོར་བརྗོད་འདུག
ཨ་རིའི་ནང་དུ་མི་སྒེར་པས་མེ་མདའ་བརྒྱབ་ནས་མི་སྡེབ་གསོད་བྱས་པའི་གནས་ཚུལ་མང་པོ་འབྱུང་གི་ཡོད་པ་དང། དེའི་ཐོག་མེ་མདའ་བཀག་འགོག་གི་ཁྲིམས་དམ་པོ་དེ་ཙམ་མེད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།
