ཨ་རིར་རྒྱ་ནག་གི་གསང་བའི་ཉེན་རྟོག་ལས་ཁང་དང་འབྲེལ་ནས་རྒྱ་རིགས་གཉིས་འཛིན་བཟུང་བྱས་འདུག

ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱིས། ནིའུ་ཡོག་ཏུ་རྒྱ་རིགས་གཉིས་ཀྱིས་རྒྱ་ནག་གི་གསང་བའི་ཉེན་རྟོག་ལས་ཁང་གསར་འཛུགས་དང་ལས་དོན་སྤེལ་བའི་ཉེས་འཛུགས་འོག་འཛིན་བཟུང་བྱས་ཡོད་པ་རེད་འདུག 

ཟླ་༤ པའི་ཚེས་༡༩ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་གནས་སྡོད་བྱེད་མཁན་རང་ལོ་༦༡ དང་༥༩ ཡིན་པའི་རྒྱ་རིགས་ལུ་ཇེན་ཝང་དང་ཆེན་ཇིང་ཕེན་གཉིས། ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱིས་འཛིན་བཟུང་བྱས་འདུག་པ་དང་། ཁོང་གཉིས་ལ་རྒྱ་ནག་གི་གསང་བའི་མི་སྣའི་ལས་དོན་སྤེལ་བ་དང་དྲང་བདེན་ལ་འགོག་རྐྱེན་བཟོས་པའི་ཉེས་འཛུགས་བྱས་ཡོད་པ་རེད་འདུག གལ་ཏེ་ཁྲིམས་ཁང་གིས་ཁོང་གཉིས་ཀྱིས་ནག་ཉེས་བྱས་ཡོད་པའི་ཐག་གཅོད་བྱས་ཚེ། ལོ་ངོ་༢༥ ཡི་བཙོན་འཇུག་ཁྲིམས་ཆད་འཕོག་སྲིད་པ་རེད་འདུག 

དེ་ཡང་ཨ་རིའི་གཞུང་གི་ཁྲིམས་རྩོད་པས་བརྗོད་དོན་ལྟར་ན། རྒྱ་རིགས་དེ་གཉིས་ཀྱིས་ཨ་རི་ནང་དུ་རྒྱ་ནག་གི་གསང་བའི་ཉེན་རྟོག་ལས་ཁང་དང་པོ་དེ་གསར་འཛུགས་བྱེད་ཆེད་དུ་མཉམ་ལས་བྱས་ཡོད་པ་དང་། ཉེན་རྟོག་ལས་ཁང་དེ་ཨ་རིའི་མན་ཧན་ཏན་ནང་དུ་ཡོད་པའི་རྒྱ་ནག་གི་གྲོང་སྡེ་ཞེས་པའི་ཁུལ་དུ་གསར་འཛུགས་བྱས་ནས་ལས་དོན་སྤེལ་ཡོད་པ་རེད་འདུག ཁོང་གཉིས་ཀྱིས་ལས་དོན་རྣམས་རྒྱ་ནག་གཞུང་གི་སྤྱི་དམངས་བདེ་སྲུང་ལས་ཁང་གི་ཚབ་ཏུ་སྤེལ་ཡོད་པ། ཕྱི་ལོ་༢༠༢༢ ལོའི་སྟོན་ཁར་འབྲེལ་ཡོད་ཚོས་ཉེན་རྟོག་ལས་ཁང་དེར་ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱིས་རྟོག་ཞིབ་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་རྗེས་སྒོ་བརྒྱབ་ཡོད་པ་རེད་འདུག 

ཕྱི་ལོ་༢༠༡༥ ལོའི་མགོ་སྟོད་དུ་ལུ་ཇེན་ཝང་དང་རྒྱ་ནག་གི་ཉེན་རྟོག་ལས་ཁང་བར་འབྲེལ་བ་ཡག་པོ་ཡོད་འདུག་པས། ཨ་རིའི་ནང་དུ་དྲག་གནོན་གྱི་ལས་དོན་སྤེལ་ཆེད་དུ་ཁོང་འདེམས་སྒྲུག་བྱས་འདུག ཁོང་གི་ལས་འགན་ནང་དུ་ཨ་རིར་ཡོད་པའི་རྒྱ་ནག་གཞུང་ལ་ཁ་གཏད་བྱེད་མཁན་རྒྱ་རིགས་ཚོར་བསུན་གཙེར་བཟོ་རྒྱུ་ཡང་ཡོད་འདུག ཕྱི་ལོ་༢༠༡༨ ལོར་ཁོང་གིས་རྒྱ་ནག་ནས་བྲོས་ཡོང་བའི་རྒྱ་རིགས་ཤིག་ལ་ཕྱིར་ལོག་དགོས་པའི་གནོན་ཤུགས་འདྲ་མིན་སྤྲད་ཡོད་ཁར། དེ་བཞིན་རྒྱ་ནག་ནང་ཡོད་པའི་མང་གཙོ་ལས་འགུལ་བ་ཞིག་གི་ཁ་བྱང་ཐོབ་ཆེད་དུ་ཁོས་ལས་དོན་སྤེལ་ཡོད་འདུག ཁོང་གིས་ཨ་རིའི་གཞུང་གི་ཁྲིམས་རྩོད་པའི་ཉེས་འཛུགས་དེ་དག་ལ་ཁས་ལེན་བྱས་མི་འདུག 

ཕྱི་ལོ་༢༠༢༢ ལོའི་ཟླ་༡༠ པའི་ནང་ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱིས་རྒྱ་རིགས་དེ་གཉིས་ལ་འདྲི་རྩད་དང། ཉེན་རྟོག་ལས་ཁང་དེར་བསྔོགས་བཤེར་བྱས་འདུག སྐབས་དེར་ཁོང་གཉིས་ཀྱི་ཁ་པར་ཡང་རྟོག་ཞིབ་དང་འབྲེལ་ནས་བདག་ཉར་བྱས་འདུག ཁོང་གཉིས་ཀྱིས་རྒྱ་ནག་གི་སྤྱི་དམངས་བདེ་སྲུང་ལས་ཁུངས་ཀྱི་དཔོན་རིགས་ཤིག་དང་འབྲེལ་བ་བྱས་པའི་དཔང་རྟགས་རྣམས་ཁ་པར་ནས་ནག་གསུབ་བཏང་ཡོད་པ་ཁས་ལེན་བྱས་འདུག 

རྒྱལ་སྤྱིའི་ནང་རྒྱ་ནག་གི་གསང་བའི་ཉེན་རྟོག་ལས་ཁང་ཉུང་མཐར་༡༠༠ ཙམ་ཡོད་པ་དང་། དེ་ཡང་རྒྱལ་ཁབ་༥༣ ནང་ཡོད་པའི་ཚོད་དཔག་བྱེད་བཞིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།