ཨ་རིས་ཆུ་ཚོད་༡༠ རེའི་ནང་རྒྱ་ནག་ལ་རྟོག་ཞིབ་གསར་པ་རེ་འགོ་འཛུགས་བྱེད་ཀྱི་ཡོད་འདུག 

ཨ་རིའི་གསང་བའི་ལས་ཁུངས་ཁག་གིས་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་ཁོངས་ནས། ཨ་རིའི་བདེ་སྲུང་ལ་ཉེན་ཚབས་ཆེ་ཤོས་ནི་རྒྱ་ནག་ཡིན་པ་དང་། རྒྱ་ནག་གི་ཐེ་བྱུས་ལ་ཁ་གཏད་གཅོག་རྒྱུ་ཤིན་ཏུ་གལ་ཆེན་ཆགས་ཡོད་སྐོར་བརྗོད་འདུག 

ཟླ་༤ པའི་ཚེས་༡༥ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཅིག་ཏུ་གནས་ཚུལ་སྤེལ་གསལ། ཚེས་༡༤ ཉིན་ཨ་རིའི་རྒྱལ་ཡོངས་གསང་བའི་ལས་ཁུངས་(National Intelligence) ཀྱི་འགན་འཛིན་དང་། དབུས་གསང་བའི་ལས་ཁུངས་(CIA)། རྒྱལ་ནང་རྟོག་ཞིབ་ལས་ཁུངས་(FBI) བཅས་ཀྱི་འགན་འཛིན་ཚོས། ཨ་རིའི་གྲོས་ཚོགས་གོང་མའི་གསང་བའི་ལས་དོན་ཚོགས་ཆུང་གི་མདུན་དུ་བདེན་དཔང་གཏམ་བཤད་བྱས་འདུག་པ་དང་། དེ་ཡང་ཕྱི་ལོ་༢༠༡༩ ལོའི་རྗེས་སུ་ཨ་རིའི་གསང་བའི་ལས་ཁུངས་གསུམ་གྱི་འགན་འཛིན་ཚོས་ཡོངས་གྲགས་སུ་བདེན་དཔང་གཏམ་བཤད་བྱས་པ་ཐེངས་དང་པོ་ཆགས་ཀྱི་ཡོད་འདུག 

སྐབས་དེར་རྒྱལ་ནང་རྟོག་ཞིབ་ལས་ཁུངས་ཀྱི་འགན་འཛིན་ཁེ་རི་སེ་ཀྲོ་ཧྥེར་ཝོ་རཱི་ཡིས། ཨ་རིའི་དཔལ་འབྱོར་གྱི་བདེ་འཇགས། མང་གཙོའི་ལྟ་བར་ཉེན་ཚབས་བཟོ་མཁན་ཆེ་ཤོས་ནི་རྒྱ་ནག་ཡིན་པ་དང་། རྒྱ་ནག་གིས་ཨ་རིའི་སྒྲིག་འཛུགས་ཁག་ལ་ཤུགས་རྐྱེན་སྤྲོད་པའི་ནུས་པ་ནི་ཁྱབ་ཆེན་པོ་དང་གཏིང་ཟབ་པོ། བརྟན་པོ་ཡིན་སྐོར་དང་། རྒྱལ་ནང་རྟོག་ཞིབ་ལས་ཁུངས་ཀྱིས་རྒྱ་ནག་གཞུང་དང་འབྲེལ་བ་ཡོད་པའི་རྟོག་ཞིབ་གནད་དོན་མི་འདྲ་བ་༢༠༠༠ ལས་མང་བར་ཞིབ་འཇུག་བྱེད་བཞིན་ཡོད་ཁར། ཆུ་ཚོད་༡༠ རེའི་ནང་རྒྱ་ནག་དང་འབྲེལ་བའི་རྟོག་ཞིབ་གསར་པ་རེ་འགོ་འཛུགས་བྱེད་བཞིན་ཡོད་སྐོར་བསྒྲགས་འདུག 

དེ་བཞིན་ཁོང་གིས་རྒྱ་ནག་གཞུང་གིས་ཨ་རིར་ཡོད་པའི་རྒྱ་རིགས་རྣམས་ལ་སྡིགས་བསྐུལ་བྱེད་པའི་ཁྲིམས་འགལ་གྱི་ལས་དོན་སྤེལ་ཡོད་པའི་དཔེ་མཚོན་བཞག་ནས། དེ་ལ་བརྟེན་ནས་རྒྱ་ནག་གི་ཉེན་ཚབས་དེ་ཁྱབ་ཆེན་པོ་དང་ཁ་གཏད་གཅོག་རྒྱུ་ཁག་པོ་ཡོད་པ་མཚོན་གྱི་ཡོད་སྐོར་བརྗོད་འདུག 

དེ་ཡང་བདུན་ཕྲག་སྔོན་མར་ཨ་རིའི་གསང་བའི་ལས་དོན་སྡེ་ཚན་གྱིས་ལོ་འཁོར་ཉེན་ཚབས་དཔྱད་ཞིབ་ཀྱི་སྙན་ཐོ་བཏོན་འདུག་པ་དང་། དེའི་ནང་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་གནས་སྟངས་བེད་སྤྱོད་བཏང་ནས། ཨུ་རུ་སུ་དང་རྒྱ་ནག་གིས་རྒྱལ་སྤྱིའི་ནང་དབང་ཤུགས་རྒྱ་སྐྱེད་གཏོང་ཐབས་ཀྱི་དམིགས་ཡུལ་འཛིན་གྱི་ཡོད་པ། རྒྱ་ནག་གིས་ཨ་རིའི་ནང་གི་སྲིད་དོན་ཁོར་ཡུག་ལ་ཤུགས་རྐྱེན་སྤྲོད་ཐབས་ཀྱི་ལས་དོན་ཤུགས་ཆེ་རུ་གཏོང་གི་ཡོད་པ་དང་། ཡུ་གུར་མི་རིགས་དང་ཧོང་ཀོང་ནང་དུ་སྤྱི་དམངས་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་བྱ་སྤྱོད་ལ་སྐྱོན་བརྗོད་རིགས་བཀག་འགོག་དང་ནུས་ཤུགས་ཆུང་དུ་གཏོང་ཐབས་བྱེད་ཀྱི་ཡོད་སྐོར་འཁོད་ཡོད་པ་རེད། 

དེ་བཞིན་ཨ་རིའི་རྒྱལ་ཡོངས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ཨཱེ་ཝི་རེལ་ཧན་སེ་ཡིས། རྒྱ་ནག་གཞུང་ལ་དྲ་ཐོག་འཇབ་རྒོལ་གྱི་ནུས་པ་ཡོད་པ་དང་། གལ་ཏེ་དེ་ཨ་རིར་བཀོལ་སྤྱོད་བྱས་ཚེ་ཨ་རིའི་ནང་གི་གལ་གནད་ཆེ་བའི་སྒྲིག་འཛུགས་ཁག་ཅིག་ལ་གནས་སྐབས་རིང་གནོད་འཚེ་གཏོང་ཐུབ་རྒྱུ་ཡིན་པས། ཨ་རིའི་སྒྲིག་འཛུགས་དང་ལམ་ལུགས་ཁག ལས་མི། མཉམ་དཔུང་ནུས་པ་བཅས་ཡར་རྒྱས་གོང་འཕེལ་གཏོང་ཆེད་དུ་འབད་བརྩོན་བྱེད་རྒྱུ་གལ་ཆེན་ཆགས་ཡོད་སྐོར་བརྗོད་འདུག 

ལོ་སྔོན་མའི་ཟླ་༩ པའི་ནང་ཨ་རིའི་འཕྲུལ་རིག་ཚོང་ལས་ཁང་དང་གསང་བའི་ལས་ཁུངས་ཚོས། རྒྱ་ནག་དང་ཨུ་རུ་སུ། ཨི་རན་བཅས་ནས་སྲིད་འཛིན་འོས་མི་དང་འབྲེལ་བའི་ཚོགས་སྒེར་ཚོར་དྲ་ཐོག་ནས་འཇབ་རྒོལ་བྱེད་ཐབས་བྱེད་བཞིན་ཡོད་པའི་གནས་ཚུལ་ཡོངས་གྲགས་བཟོས་ནས། རྒྱ་ནག་གི་རུ་ཁག་(Zirconium) ཞེས་པ་དེས་རྒྱལ་སྤྱིའི་ལས་དོན་ཚོགས་སྡེ་དང་། ཤེས་ཡོན་ལྟེ་གནས་ཁང་། སྲིད་བྱུས་ལྟེ་གནས་ཁང་སོགས་ལ་ཡང་དམིགས་འབེན་བྱས་ནས་དྲ་ཐོག་འཇབ་རྒོལ་བྱེད་ཐབས་བྱས་ཡོད་སྐོར་བརྗོད་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།