ཨ་རིས་ཉི་ཧོང་ལ་འཕངས་པའི་དམག་ཆེན་གཉིས་པའི་སྐབས་ཀྱི་འབར་རྫས་ཤིག་རྙེད་སོན་བྱུང་འདུག
ཨ་རིས་ཉི་ཧོང་ལ་འཕངས་པའི་དམག་ཆེན་གཉིས་པའི་སྐབས་ཀྱི་འབར་རྫས་གས་འཐོར་མ་སོང་བ་ཞིག་རྙེད་སོན་བྱུང་རྗེས་ནུས་མེད་བཟོས་ཡོད་འདུག་ཅིང་། ད་ལྟ་འབར་རྫས་རྙེད་སོན་བྱུང་སའི་ཧོང་ཀོང་གི་ས་ཆ་དེ་ནི་ཉི་ཧོང་གིས་དམག་ཆེན་གཉིས་པའི་སྐབས་དབྱིན་ཇིའི་ལག་ནས་འཕྲོག་སྟེ་བཙན་བཟུང་བྱས་པ་ཞིག་ཡིན་འདུག
སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་༡ ཉིན་ཧོང་ཀོང་གི་ཉེན་རྟོག་པས་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཀྱི་འབར་རྫས་(AN-M65)ཞེས་པ་ལྗིད་ཚད་ཀི་ལོ་༤༥༠ ཅན་ཞིག་ནུས་མེད་བཟོས་ཡོད་འདུག་ཅིང་། འབར་རྫས་དེ་ནི་ཕྱི་ཟླ་༡ པོའི་ཚེས་༢༩ ཉིན་ཧོང་ཀོང་ཝེན་ཆའེ་རྫོང་ཁོངས་ཀྱི་ཚོང་གི་བསྟི་གནས་ཤིག་ཏུ་འཛུགས་སྐྲུན་བྱེད་སའི་ས་འོག་ནས་རྙེད་སོན་བྱུང་ཡོད་འདུག
ཐེངས་འདིར་རྙེད་སོན་བྱུང་བའི་འབར་རྫས་འདི་ནི་བདུན་ཕྲག་གཅིག་རིང་ཧོང་ཀོང་ནས་འབར་རྫས་རྙེན་སོན་བྱུང་བ་ཐེངས་གཉིས་པ་དེ་ཆགས་ཀྱི་ཡོད་པ་དང་། ས་གནས་དེ་ནས་རྙེད་སོན་བྱུང་བའི་འབར་རྫས་གཞན་ཞིག་ཕྱི་ཟླ་དང་པོའི་ཚེས་༢༧ ཉིན་ནུས་མེད་བཟོས་ཡོད་འདུག ད་ཐེངས་རྙེད་སོན་བྱུང་བའི་འབར་རྫས་དེ་ནུས་མེད་བཟོ་རྒྱུར་ཆུ་ཚོད་༢༤ འགོར་ཡོད་པ་དང་། དུས་ཚོད་དེའི་རིང་རྙེད་སོན་བྱུང་བའི་ས་གནས་ནས་མི་གྲངས་༤༠༠༠ ལྷག་ས་གནས་གཞན་དུ་ཉེན་ཡོལ་ལ་བཏང་ཡོད་འདུག་པ་མ་ཟད། སྐོར་སྲུང་བས་ཉེ་འཁོར་གྱི་སྲང་ལམ་མཐའ་འཁོར་བསྐོར་ནས་བལྟ་སྲུང་བྱས་ཡོད་འདུག་པ་དང་། ས་གནས་དེའི་གྲུ་ཚུགས་ནས་གྲུ་གཟིངས་སྐྱེལ་འདྲེན་གྱི་བྱ་བ་ཡང་བཀག་ཡོད་འདུག
འབར་རྫས་ནུས་མེད་བཟོ་སྟངས་ནི་ཐོག་མར་འབར་རྫས་ཀྱི་ཕྱི་ཤུན་ལ་ཨི་ཁུང་ཞིག་ཕུག་ནས་ནང་ལོགས་ཀྱི་རྫས་ནུས་མེད་པ་བཟོས་རྗེས། འཕྲུལ་འཁོར་སྤྱད་ནས་འཛུགས་སྐྲུན་བསྟི་གནས་ཀྱི་ས་འོག་ནས་བཏོན་ཡོད་འདུག་ཅིང་། འབར་རྫས་ནུས་མེད་བཟོ་མཁན་ཚོས་འབར་རྫས་དེ་ནི་ཉེན་ཁ་ཅན་ཞིག་ཡིན་སྐོར་བརྗོད་ཡོད་འདུག
མ་གཞི་ཧོང་ཀོང་ནི་དམག་ཆེན་གཉིས་པའི་སྐབས་སུ་དབྱིན་ཇིའི་མི་སེར་སྤེལ་ཡུལ་གྱི་མངའ་འོག་ཏུ་ཡོད་ཀྱང་། ད་ལྟ་འབར་རྫས་རྙེད་སོན་བྱུང་བའི་ས་གནས་དེ་ནི་ཉི་ཧོང་བའི་དཔུང་དམག་གིས་དབྱིན་ཇིའི་ལག་ནས་འཕྲོག་སྟེ་ཕྱི་ལོ་༡༩༤༡ ནས་༡༩༤༥ བར་བཙན་བཟུང་བྱས་ཡོད་པ་དང་། ས་གནས་དེར་གྲུ་གཟིངས་བསྐྱར་བཟོ་བྱ་རྒྱུའི་མཐུན་རྐྱེན་ཧ་ཅང་ཡག་པོ་ཡོད་སྟབས་དེས་ཉི་ཧོང་གི་དཔུང་དམག་ལ་ཕན་ཐོགས་ཆེན་པོ་འབྱུང་གི་ཡོད་རྐྱེན་ཨ་རིས་ཉི་ཧོང་བའི་དམག་འཁྲུག་གི་ནུས་པ་ཉམས་དམས་གཏོང་ཕྱིར་དེར་འབར་རྫས་གཡུགས་ཡོད་འདུག དེ་བཞིན་སྐབས་དེར་དབྱིན་ཇི་དང་ཁོ་རང་ཚོའི་མཐུན་ཕྱོགས་རྒྱལ་ཁབ་དང་། ཉི་ཧོང་གཉིས་བར་ལ་ཡང་དམག་འཁྲུག་ཤོར་བཞིན་ཡོད་འདུག་ཅིང་། ད་ལྟ་འབར་རྫས་རྙེད་སོན་བྱུང་ས་དེ་ནས་དམག་ཆེན་གཉིས་པའི་སྐབས་ཀྱི་འབར་རྫས་གས་འཐོར་མ་སོང་བ་རྙེད་སོན་བྱུང་བ་ནི་རྒྱུན་ལྡན་མིན་པའི་གནས་ཚུལ་ཞིག་མིན་འདུག
ད་བར་ས་གནས་དེ་ནས་དམག་ཆེན་གཉིས་པའི་སྐབས་ཀྱི་འབར་རྫས་གས་འཐོར་མ་སོང་བ་རྙེད་སོན་བྱུང་བའི་ནང་ནས་ཆེ་ཤོས་ལ་ཀི་ལོ་༩༠༧ ཡོད་ཅིང་། དེ་ནི་ཕྱི་ལོ་༢༠༡༤ ལོར་རྙེད་སོན་བྱུང་ནས་ནུས་མེད་བཟོས་ཡོད་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།