ཨ་རིས་ཐའེ་ཝན་ལ་དེང་རབས་མཚོན་ཆ་འཚོང་རྒྱུའི་མོས་མཐུན་བྱས་པར་རྒྱ་ནག་གིས་ངོ་རྒོལ་བྱས།
ཨ་རིས་ཐའེ་ཝན་ལ་དེང་རབས་ཅན་གྱི་རང་སྲུང་མཚོན་ཆ་འབོར་ཆེན་འཚོང་རྒྱུའི་མོས་མཐུན་བྱས་རྗེས། རྒྱ་ནག་གིས་ཨ་རི་ལ་“རྒྱ་ནག་གཅིག་”གི་སྲིད་བྱུས་བརྩི་སྲུང་བྱེད་པའི་དགོས་འདུན་བཏོན་འདུག
བདུན་ཕྲག་འདིའི་རེས་གཟའ་ལྷག་པའི་ཉིན་བྷ་ཌན་སྲིད་གཞུང་གིས་ཨེ་ཤི་ཡའི་ཤར་ཕྱོགས་སུ་ཆགས་པའི་གླིང་ཕྲན་རྒྱལ་ཁབ་ཐའེ་ཝན་ལ་ཨ་སྒོར་ས་ཡ་༧༥༠ ཙམ་གྱི་རང་སྲུང་གོ་མཚོན་འཚོང་རྒྱུའི་མོས་མཐུན་བྱས་རྗེས། རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་གིས་ཨ་རིའི་བྱ་སྤྱོད་ལ་ངོ་རྒོལ་དང་། “རྒྱ་ནག་གཅིག་”གི་སྲིད་བྱུས་བརྩི་སྲུང་དགོས་པའི་་དགོས་འདུན་བཏོན་འདུག
རྒྱ་ནག་གི་ནམ་རྒྱུན་གྱི་བཤད་སྲོལ་ལྟར། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས་བཏང་བའི་བསྒྲགས་གཏམ་དེའི་ནང་། ཐའེ་ཝན་ནི་“རྒྱ་ནག་གི་ཁ་འབྲལ་ཐབས་མེད་པའི་ཤ་ཆས་”ཤིག་ཡིན་པ་དང་། ཐའེ་ཝན་ལ་གོ་མཚོན་བཙོང་བ་དེས་“རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱས་པ་དང་། རྒྱ་ནག་གི་བདག་དབང་དང་བདེ་འཇགས་ལ་གནོད་འཚེ་བསྐྱལ་བ། རྒྱལ་སྤྱིའི་གཞི་རྩའི་ཁྲིམས་ལུགས་དང་འགལ་བ་”བཅས་ཡིན་སྐོར་བརྗོད་པའི་ཐོག མཚོན་ཆ་ཉོ་ཚོས་བྱས་པ་དེས་“ཐའེ་ཝན་ཁ་བྲལ་རིང་ལུགས་ཀྱི་སྟོབས་ཤུགས་”ལ་གོ་བརྡ་ནོར་བ་སྤྲད་དེ་ཨ་རྒྱའི་འབྲེལ་ལམ་ལ་གནོད་སྐྱོན་ཐེབས་ངེས་ཚུལ་བསྣན་འདུག
གཞན་ཡང་། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས་ཨ་རི་ལ་ཐའེ་ཝན་དང་མཚོན་ཆ་ཉོ་ཚོང་། དམག་སྦྱོང་སྤྲོད་རེས་བྱེད་མཚམས་བཞག་སྟེ་“རྒྱ་ནག་གཅིག་”གི་སྲིད་བྱུས་བརྩི་སྲུང་བྱེད་པའི་དགོས་འདུན་བཏོན་པ་མ་ཟད། གནས་སྟངས་མུ་མཐུད་སྡུག་ཏུ་ཕྱིན་པ་ཡིན་ན། རྒྱ་ནག་གི་ངོས་ནས་ཡ་ལན་སྤྲོད་རྒྱུ་ཡིན་སྐོར་བཤད་འདུག
ད་ལོའི་འགོ་སྟོད་དུ་སྐུ་ཞབས་བྷ་ཌན་ཨ་རིའི་སྲིད་འཛིན་དུ་འགྱུར་སྐབས། རྒྱལ་སྤྱིའི་ཆབ་སྲིད་ཉམས་ཞིབ་པ་རྣམས་ཀྱིས་བྷ་ཌན་སྲིད་གཞུང་གིས་རྒྱ་ནག་དང་འབྲེལ་ལམ་བསྐྱར་གསོ་བྱེད་ཆེད། ཐའེ་ཝན་ལ་རྒྱབ་སྐྱོར་བྱེད་མཚམས་འཇོག་སྲིད་པའི་ཚོད་དཔག་བྱས་ཡོད་རུང་། དེ་ལས་ལྡོག་སྟེ་ད་ཐེངས་བྷ་ཌན་སྲིད་གཞུང་གིས་ཐའེ་ཝན་ས་ཁོངས་དང་ཆབ་སྲིད་ལམ་ལུགས་གང་ཅིའི་ཐད་ནས་གལ་ཆེན་དུ་མཐོང་ནས་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་རྒྱུ་ཡིན་པའི་རྣམ་འགྱུར་སྟོན་བཞིན་ཡོད་པ་རེད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།