ཨ་རིས་དཀྱིལ་ཤར་ཡུལ་གྲུ་ལ་དམག་མི་༡༠༠༠ ཁ་སྣོན་དུ་གཏོང་འཆར།

ཨ་རི་དང་ཨི་རན་གྱི་འགལ་ཟླ་ཇེ་ཆེར་འགྲོ་བ་དང་སྦྲགས། ཌོ་ནལ་ཊོམ་སྲིད་གཞུང་གིས་ཨ་རིའི་དམག་མི་༡༠༠༠ ཙམ་ཁ་སྣོན་དུ་གཏོང་རྒྱུ་རེད་འདུག
ཨ་རིའི་རྒྱལ་སྲུང་དྲུང་ཆེ་ཕེ་ཏྲིག-ཤན་ནན (Patrick shanahan) གྱིས་ཟླ་༦ པའི་ཚེས་༡༧ དགོང་མོར་སྤེལ་བའི་གཏམ་བཤད་ནང་། “དཀྱིལ་ཤར་ཡུལ་གྲུ་ནས་ཡོང་བཞིན་པའི་མཁའ་ལམ་དང་། རྒྱ་མཚོ། སྐམ་ས་བཅས་ཀྱི་ཉེན་ཁ་རྣམས་འགོག་སྲུང་ཆེད། ངས་དམག་མི་༡༠༠༠ ཡས་མས་ཤིག་དེ་གའི་ས་ཁུལ་ལ་ཁ་སྣོན་དུ་གཏོང་བའི་བཀའ་ཕབ་པ་ཡིན་”ཞེས་བརྗོད་ཡོད་ཀྱང་། ཁོང་གིས་དམག་མི་དེ་དག་གང་དུ་བཀོལ་སྤྱོད་བྱ་རྒྱུ་ཡིན་པ་དང་། དེ་དག་གི་ལས་འགན་གང་ཞིག་ཡིན་སྲིད་པའི་སྐོར་གྱི་ཞིབ་ཕྲའི་གནས་ཚུལ་བརྗོད་མི་འདུག

ཨ་རི་གཞུང་གིས་བདུན་ཕྲག་གོང་མར་ཨོ་མན་མཚོ་ཁུག ( Gulf of Oman) ཏུ་རྒྱལ་སྤྱིའི་གྲུ་ཆེན་གཉིས་ལ་འཇབ་རྒོལ་གཏོར་སྐྱོན་ཐེབས་པ་དེའི་རྒྱབ་ཏུ་ཨི་རན་ཡོད་པའི་ཉེས་འཛུགས་བྱས་པར། ཨི་རན་སྲིད་གཞུང་གིས་དོན་རྐྱེན་དེ་ཁོ་ཚོ་དང་འབྲེལ་བ་གང་ཡང་མེད་ཚུལ་བརྗོད་དེ་ཁས་ལེན་བྱས་མི་འདུག

རྒྱལ་སྲུང་དྲུང་ཆེ་ཤན་ནན་གྱིས་ “ཨི་རན་གྱི་ཉེ་བའི་འཇབ་རྒོལ་དེས་ཨི་རན་གྱི་དམག་དཔུང་དང་ཁོ་ཚོའི་སྐུ་ཚབ་འགོ་ཁྲིད་རྣམས་ཀྱིས་ཡུལ་དེར་ཡོད་པའི་ཨ་རིའི་མི་སྣ་དང་ཨ་རིའི་ཁེ་ཕན་ལ་འཇིགས་སྐུལ་གྱི་རྣམ་འགྱུར་བསྟན་པ་ར་སྤྲོད་ཁ་གསལ་བྱས་ཡོད་”ཅེས་བཤད་པའི་ཐོག “ཨ་རིས་ཨི་རན་གྱི་ས་ནས་རྩོད་རྙོག་འཚོལ་གྱི་མེད། དེ་རིང་གི་ལས་འགུལ་འདི་ཡུལ་དེར་ལས་དོན་སྒྲུབ་བཞིན་པའི་ང་ཚོའི་དམག་མི་རྣམས་ཀྱི་བདེ་འཇགས་དང་བདེ་སྐྱིད་ངེས་བརྟན་བཟོ་བ་དང་། ང་ཚོའི་རྒྱལ་ཁབ་ཀྱི་ཁེ་ཕན་སྲུང་སྐྱོབ་བྱ་ཆེད་ཡིན་”ཞེས་བསྣན་འདུག

ཟླ་༦ པའི་ཚེས་༡༧ ཞོགས་པར་ཨ་རིའི་རྒྱལ་སྲུང་ལྟེ་གནས། ཕེན་ཐྲ་གྷོན་(The Pentagon) གྱིས་དོན་རྐྱེན་གྱི་དུས་ཚོད་དང་འདྲ་པར་གསར་པ་རྣམས་སྤེལ་ཞིང་། དེ་དག་གིས་ཨོ་མན་མཚོ་ཁུག་གི་འཇབ་རྒོལ་བྱེད་མཁན་དེ་ཨི་རན་ཡིན་པའི་ཨ་རིའི་ཉེས་འཛུགས་ལ་བདེན་དཔང་བྱེད་པའི་སྐོར་བརྗོད་འདུག
སྲིད་འཛིན་ཌོ་ནལ་ཊོམ་གྱིས་བདུན་ཕྲག་གོང་མར་“འཇབ་རྒོལ་དེ་ཨི་རན་གྱིས་བྱས་པ་རེད་”ཅེས་བརྗོད་ཡོད་ལ། དེ་བཞིན་དབྱིན་ཇིའི་འགོ་ཁྲིད་ཚོས་ཀྱང་འཇབ་རྒོལ་དེའི་རྒྱབ་ཏུ་ཨི་རན་ཡོད་པ་ཕལ་ཆེར་ཏན་ཏན་རེད་ཅེས་སྨྲས་ཡོད།

ཨ་རིའི་རྟོག་ཞིབ་ཀྱི་ཁོངས་སུ་མ་གཏོགས་པའི་མཚོ་ཐོག་འབར་རྫས་མཁས་པ་ཞིག་གིས་གསར་འགོད་པ་ཚོ་ལ་འབར་གས་ཀྱིས་གྲུ་ཆེན་ཁོ་ཁུ་ཁ་(KoKuka Courageous) གཅིག་པུ་གཏོར་སྐྱོན་བཏང་ཡང་། འཇབ་རྒོལ་བ་ཚོའི་དམིགས་ཡུལ་ཅི་ཡིན་རྟོགས་ཐུབ་ཀྱི་མི་འདུག་ཅེས་བརྗོད་འདུག
འདྲ་པར་གསར་པ་དེ་དག་གི་འགྲེལ་བཤད་དུ། “བརྙན་གྱི་དཔང་རྟགས་དང་། གད་འཐོར་མ་ཕྱིན་པའི་འབར་རྫས་རྣམས་འཕྲལ་དུ་མེད་པ་བཟོ་བའི་ནུས་པ་དང་ཆ་རྐྱེན་ལ་གཞིགས་ན། འཇབ་རྒོལ་བྱེད་མཁན་དེ་ཨི་རན་རེད་”ཅེས་བཀོད་འདུག

ཨ་རིའི་རྒྱལ་སྲུང་ལྟེ་གནས་ཁང་གིས་བརྙན་ལེན་ངོས་འཛིན་བྱེད་པའི་ཐབས་ལམ་རྒྱུན་ལྡན་མ་ཡིན་པ་ཞིག་བཀོལ་འདུག་སྟེ། ད་ཐེངས་ཀྱི་གནས་སྟངས་འདིའི་ནང་མཚོ་དམག་གི་རྟོག་ཞིབ་གནམ་གྲུ་MH-60R ཞེས་པ་བཏང་ཡོད་ཅིང་། དེ་ནི་རྒྱུན་ལྡན་གྱི་མི་མེད་འཕུར་གྲུ་(drones) དང་། P-8 རྟགས་ཅན་གྱི་མཚོ་ཐོག་འཕུར་གྲུ་ལས་དམའ་བར་འཕུར་ནས་བརྙན་ལེན་ཐུབ་ཀྱི་ཡོད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཨན་ཐན་ནོ-གྷ་ཐར (Antonio Guterres) གྱིས་“བདེན་པ་ཤེས་རྒྱུ་ཤིན་ཏུ་གལ་འགངས་ཆེ་བས།” འཇབ་རྒོལ་དེར་རྟོག་ཞིབ་བྱེད་མཁན་ཞིག་ལོགས་སུ་འཛུགས་དགོས་པའི་འབོད་སྐུལ་གནང་ཡོད་ཅིང་། ཁོང་གི་གསུང་དེར་རྒྱལ་ཁབ་གཞན་རྣམས་ཀྱི་རྒྱབ་སྐྱོར་ཐོབ་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།