ཨ་རིས་བདེ་སྲུང་ཆེད་དུ་ཨ་སྒོར་ཐེར་འབུམ་༡༧༥ མ་དངུལ་བཏང་ནས་མཁའ་དབྱིངས་འགོག་སྲུང་མ་ལག་ཞིག་བཟོ་འཆར་འདུག

འཛམ་གླིང་ནང་མཁའ་དབྱིངས་འགོག་སྲུང་མ་ལག་གམ་བར་སྣང་ནས་གོ་མཚོན་འགོག་རྒོལ་ཐུབ་པའི་འཕྲུལ་རིགས་ཀྱི་མ་ལག་གྲགས་ཆེ་ཤོས་གཅིག་ནི་ཨི་སི་རེལ་གྱི་(Iron Dome)ལྕགས་ཀྱི་སྒྲོམ་ཟེར་བ་དེ་ཡིན་པ་དང་། ད་ཆར་ཨ་རིས་ཀྱང་(Golden dome)གསེར་གྱི་སྒྲོམ་ཟེར་བ་ཞིག་བཟོ་འཆར་ཡོད་པ་སྲིད་འཛིན་ཊོམ་གྱིས་བརྗོད་འདུག་ལ། ཁེ་ན་ཌ་ཡང་ལས་འཆར་དེའི་ཁོངས་སུ་ཞུགས་འདོད་ཡོད་པར་བརྗོད་རྗེས། ཊོམ་གྱིས་དངུལ་སྤྲད་ན་མ་འོངས་པར་བལྟ་ཆོག་ཅེས་བརྗོད་འདུག
ཕྱི་ཚེས་༢༢ ཉིན་ཨེ་ཤེ་ཡའི་དུས་བབ་ཀྱིས་གནས་ཚུལ་སྤེལ་གསལ་ལྟར་ན། ཁ་སང་ཨ་རིའི་སྲིད་འཛིན་ཊོམ་གྱིས་འབྱུང་འགྱུར་ལོ་བཞིའི་ནང་དུ་ཨ་རིིའི་མཁའ་དབྱིངས་འགོག་སྲུང་མ་ལག་ཞིག་བཟོ་རྒྱུ་ཡིན་པར་བརྗོད་འདུག་པ་དང་། དེ་ཡང་འགོག་སྲུང་མ་ལག་དེ་ལ་བརྟེན་ནས་ཕྱི་ཕྱོགས་ནས་གོ་མཚོན་གང་འདྲ་ཞིག་འཕངས་ཀྱང་འགོག་རྒོལ་ཐུབ་པ་ཞིག་བཟོ་རྒྱུ་ཡིན་པར་བརྗོད་འདུག བར་སྣང་འགོག་སྲུང་མ་ལག་དེ་ལ་ཨ་སྒོར་ཐེར་འབུམ་༡༧༥ བཏང་ནས་བཟོ་རྒྱུ་ཡིན་པ་དང་། འགོག་སྲུང་མ་ལག་དེའི་འགྲོ་གྲོན་ཡོངས་རྫོགས་ཨ་རིའི་བདེ་སྲུང་མ་དངུལ་ནས་གཏོང་འཆར་ཡོད་པར་བརྗོད་འདུག ད་ཆར་ཨ་རིས་བཟོ་འཆར་ཡོད་པའི་བར་སྣང་འགོག་སྲུང་མ་ལག་དེ་ཨི་སི་རེལ་གྱི་བར་སྣང་འགོག་སྲུང་མ་ལག་ལས་ལྡབ་མང་པོས་ནུས་པ་ཆེ་བ་དང་། ཚད་མཐོ་བ་ཡིན་པར་རྗོད་བཞིན་འདུག་ཅིང་། རྒྱུ་མཚན་ནི་ཨ་རིས་བཟོ་འཆར་ཡོད་པའི་བར་སྣང་འགོག་སྲུང་མ་ལག་དེ་ཡིས་བར་སྣང་གཅིག་པུ་མིན་པར། ས་ཐོག་ནས་ཀྱང་གོ་མཚོན་རིགས་འགོག་ཐུབ་པ་དང་། སྔོན་བརྡ་སྤྲོད་ཐུབ་པ། འགོག་རྒོལ་བྱེད་ཐུབ་པ། དེ་བཞིན་དེ་ལའང་བང་རིམ་འགའ་ཤས་ཡོད་པ་ཞིག་བཟོ་འཆར་ཡོད་འདུག འཆར་གཞི་དེ་འདི་ལོའི་ཕྱི་ཟླ་༡ ནས་འགོ་བཙུགས་ཏེ། བདུན་ཕྲག་འདིའི་ནང་གསལ་བསྒྲགས་བྱས་པ་ཞིག་ཡིན་འདུག འཆར་གཞི་དེའི་ནང་བར་སྣང་གི་འཁོར་སྐར་དུ་མ་དང་མཐུད་ནས་བཟོ་འཆར་ཡོད་འདུག་ཅིང་། སྲིད་འཛིན་ཊོམ་ལས་ཡུན་མ་རྫོགས་སྔོན་དུ་ལས་འཆར་དེ་འགྲུབ་ཐུབ་པ་བྱེད་རྒྱུའི་དམིགས་ཡུལ་འཛིན་བཞིན་ཡོད་འདུག
སྲིད་འཛིན་ཊོམ་གྱིས་བརྗོད་དོན་ལ་ཨ་རིའི་ཁྱིམ་མཚེས་རྒྱལ་ཁབ་ཁེ་ན་ཌ་ནས་ལས་འཆར་དེའི་ནང་མཉམ་ལས་བྱེད་འདོད་ཡོད་པར་བརྗོད་ཚུལ་དང་། གལ་སྲིད་ཁོང་ཚོ་མཉམ་ལས་བྱེད་འདོད་ཡོད་ཚེ་སྒོར་མོ་སྤྲོད་དགོས་པའི་དགོས་འདུན་བཏོན་ཡོད་འདུག་པ་དང་། ད་ལྟ་རྒྱལ་ཁབ་གཉིས་བར་བྱང་ཨ་རིའི་བར་སྣང་འགོག་སྲུང་མཉམ་འབྲེལ་ལས་དོན་ཟེར་བ་ཞིག་ཡོང་ཐབས་སུ་གྲོས་བསྡུར་བྱེད་བཞིན་ཡོད་འདུག མ་འོངས་པར་རྒྱུན་གནས་ཆེད་དང་སྤྱི་ཡོངས་ཀྱི་འགྲོ་གྲོན་ཆ་ཚང་བྱས་ན། ཨ་སྒོར་ཐེར་འབུམ་༨༠༠ ཙམ་འགྲོ་རྒྱུ་ཡིན་པར་བརྗོད་འདུག ལས་འཆར་དེ་ལ་མི་མང་ཁྲོད་ནས་སྐྱོན་བརྗོད་བྱེད་མཁན་དུ་མ་ཞིག་ཡོད་འདུག་ལ། འགའ་ཤས་ཀྱིས་ལས་འཆར་དེས་རྡུལ་ཕྲན་མཚོན་ཆའི་དམག་འཁྲུག་འབྱུང་སྲིད་པའི་ཉེན་བརྡ་དང་། ཡང་འགའ་ཤས་ཀྱིས་འཕྲུལ་རིགས་དང་ནུས་པ་སོགས་གང་ཐད་ནས་འདང་གི་མེད་ཚུལ་བརྗོད་འདུག་ལ། འགའ་ཤས་ཀྱིས་མི་སྒེར་གྱི་ཚོང་གཉེར་ཁང་ཆེ་ཁག དཔེར་ན། (Elon Musk)ཨེ་ལོན་མག་སི་དང་(Peter Thiel)པེ་ཀྲལ་ཐ་ཡེ་སོགས་ལས་འཆར་དང་མཉམ་འབྲེལ་ཆགས་ནས་ནང་ཁུལ་རྩོད་རྙོག་ཡོང་རྒྱུའི་ཉེན་ཁ་ཡོད་པར་བརྗོད་འདུག
ཡང་འགའ་ཤས་ཀྱིས་རྡུལ་ཕྲན་མཚོན་ཆ་ཡོད་པའི་རྒྱལ་ཁབ་གཞན་ཨུ་རུ་སུ་དང་། རྒྱ་ནག་སོགས་ལ་རྡུལ་ཕྲན་མཚོན་ཆའི་དམག་འཁྲུག་ལང་ཡོང་བསམ་པའི་སེམས་ཁྲལ་བཟོ་སྲིད་པར་བརྗོད་འདུག་ལ། རྒྱ་ནག་གི་ཕྱི་སྲིད་མགྲིན་ཚབ་པས་ཨ་རིའི་ལས་འཆར་དེ་ནི་མངོན་གསལ་དོད་པོའི་ཐོག་ནས་བར་སྣང་ཁྲོད་དམག་འཁྲུག་ཡོང་རྒྱུ་ལ་དམིགས་ནས་ནུས་པ་རྒྱ་བསྐྱེད་བྱེད་ཀྱི་ཡོད་པ་དང་། རྒྱལ་ཁབ་གཞན་རྣམས་ལ་གོ་མཚོན་འགྲན་བསྡུར་བྱེད་རྒྱུར་སྐུལ་མ་གཏོང་སྲིད་པས། རྒྱ་ནག་གིས་དེ་ལ་བློ་འཚབ་དང་ལས་གཞི་དེ་ཕྱིར་འཐེན་བྱེད་རྒྱུའི་འབོད་སྐུལ་ཞུ་རྒྱུ་ཡིན་པར་བརྗོད་འདུག
སྤྱི་ལོ་༢༠༢༤ ལོར་ཨ་རིའི་སྒྱུ་རྩལ་དང་ཚན་རིག་ལྟེ་གནས་ཁང་ནས་རྩོམ་ཡིག་གཅིག་བཏོན་ཡོད་ཅིང་། རྩོམ་ཡིག་དེའི་ནང་ད་ཆར་རྒྱ་ནག་ལ་ཨ་རིའི་གོ་མཚོན་འགོག་རྒོལ་མ་ལག་ཐད་ཧ་ཅང་སེམས་ཁྲལ་ཆེན་པོ་འབྱུང་བཞིན་ཡོད་པ་དང་། གལ་སྲིད་རྒྱ་ནག་དང་ཨ་རི་གཉིས་བར་དམག་འཁྲུག་ཤོར་ཚེ་རྒྱ་ནག་གིས་ཨ་རིའི་ཐོག་ཏུ་གོ་མཚོན་ཐེངས་དང་པོ་འཕེན་པ་དང་། ཨ་རིའི་འཕྲུལ་རིགས་ཀྱིས་རྒྱ་ནག་གི་གོ་མཚོན་རྣམས་རྩ་མེད་གཏོང་ཡོང་བསམ་པའི་སེམས་ཁྲལ་ལངས་ནས། ད་སྐབས་རྒྱ་ནག་གིས་ཀྱང་མཁའ་དབྱིངས་སུ་ཡོད་པའི་འཁོར་སྐར་གཏོར་རྒོལ་བྱེད་ཐུབ་པའི་གོ་མཚོན་བཟོ་བཞིན་ཡོད་པར་བརྗོད་འདུག
དེ་བཞིན་ཨུ་རུ་སུས་ཀྱང་ཨ་རིའི་གོ་མཚོན་འགོག་རྒོལ་མ་ལག་ལ་ཧ་ཅང་སེམས་ཁྲལ་ཆེན་པོ་དང་། ཉེན་ཁ་ཆེ་ཤོས་དེ་མཐོང་གི་ཡོད་པར་བརྗོད་འདུག རྒྱུ་མཚན་དེ་ལ་བརྟེན་ནས། ད་ལྟ་རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱིས་འཛམ་གླིང་ནང་གོ་མཚོན་འགྲན་བསྡུར་སྟངས་འཛིན་བྱེད་ཆེད་དུ་ཨ་རི་དང་ལྷན་དུ་གྲོས་མོལ་བྱས་ནས་ལས་འཆར་དེ་འགོག་ཐབས་བྱེད་ཀྱི་ཡོད་པར་བརྗོད་འདུག རྒྱལ་སྤྱིའི་བདེ་འཇགས་ཟེར་བའི་དུས་དེབ་ཐོག་ཏུ། (Zachary Burdette)ཟེར་བ་ཞིག་གིས་གལ་སྲིད་དམག་འཁྲུག་དངོས་སུ་བྱུང་ན་བར་གནམ་ཁྲོད་ཡོད་པའི་ཨ་རིའི་འཁོར་སྐར་དེ་དག་གཞན་གྱིས་གཏོར་ཤོར་རྒྱུའི་ཉེན་ཁ་ཆེན་པོ་ཡོད། རྒྱུ་མཚན་ནི་འཁོར་སྐར་དེ་དག་ཨ་རིའི་དམག་དོན་རང་གི་ཆེད་དུ་སྒེར་བདག་བྱས་ནས་བཙུགས་ཡོད་པ་རེད་ཅེས་བྲིས་ཡོད་འདུག
མདོར་ན་ད་ཆར་ཨ་རིས་བཟོ་འཆར་ཡོད་པའི་མཁའ་དབྱིངས་འགོག་སྲུང་མ་ལག་དེ་ཡིས་མ་འོངས་པར་ཨ་རི་དང་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཚོ་ལ་ཁེ་ཕན་ཆེན་པོ་བསྐྲུན་སྲིད་པ་དང་། རྒྱལ་ཁབ་སོ་སོའི་བདེ་སྲུང་ཆེད་དུ་ནུས་པ་རླབས་ཆེན་འཐོན་རྒྱུ་ཡིན་པར་ཡང་བརྗོད་འདུག རྒྱུ་མཚན་ནི་ད་ལྟའི་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ། དཔེར་ན། ལྷོ་ཀོ་རེ་ཡ་དང་། བྱང་ཆིངས་སྒྲིག་འཛུགས། ཉི་ཧོང་སོགས་མང་པོ་ཞིག་གི་བདེ་སྲུང་འགོག་རྒོལ་མ་ལག་དུ་མ་ཞིག་ཨ་རིའི་འཕྲུལ་ལག་ལ་བརྟེན་བཞིན་ཡོད་པར་བརྗོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།