ཨ་རིས་བོད་དོན་ཁྲིམས་དང་འབྲེལ་ནས་རྒྱ་ནག་གི་དཔོན་རིགས་བཀག་སྡོམ་བྱས་ཡོད་འདུག
བོད་ནང་ཕར་འགྲོ་ཚུར་འོང་གི་འདྲ་མཉམ་ཐོབ་ཐང་ཁྲིམས་དང་འབྲེལ་ནས། ཨ་རིས་བོད་ནང་དུ་ཨ་རིའི་མི་སེར་འགྲོ་སྐྱོད་ལ་བཀག་སྡོམ་བྱེད་མཁན་རྒྱ་ནག་གི་དཔོན་རིགས་རྣམས། ཨ་རིར་ཡོང་རྒྱུ་བཀག་སྡོམ་བྱས་ཡོད་སྐོར་བརྗོད་ཡོད་ནའང་། སུ་དང་ག་ཚོད་བཀག་སྡོམ་བྱས་ཡོད་མེད་སྐོར་གསལ་སྟོན་བྱས་མེད་འདུག
ཟླ་༧ པའི་ཚེས་༧ ཉིན་ཨ་རིའི་ཕྱི་སྲིད་བློན་ཆེན་མེག་པོམ་པེ་ཡིས། རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ཏུ་ཨ་རིའི་གསར་འགོད་པ་དང་། སྐུ་ཚབ། དཔོན་རིགས། ཡུལ་སྐོར་སྤྲོ་འཆམ་པ་སོགས་འགྲོ་སྐྱོད་བཀག་སྡོམ་བྱས་ཡོད། འོན་ཀྱང་རྒྱ་ནག་གཞུང་གི་དཔོན་རིགས་དང་མི་སེར་རྣམས་ཨ་རིར་རང་དབང་ཐོག་ནས་འགྲོ་སྐྱོད་བྱེད་རྒྱུ་ཡོད་པས། བོད་ནང་ཕར་འགྲོ་ཚུར་འོང་གི་འདྲ་མཉམ་ཐོབ་ཐང་གི་ཁྲིམས་འོག་ནས། བོད་ནང་དུ་ཨ་རིའི་མི་སེར་འགྲོ་སྐྱོད་བཀག་སྡོམ་བྱེད་མཁན་རྒྱ་ནག་གི་དཔོན་རིགས་རྣམས། ཨ་རིར་སྐྱོད་ཆེད་ཀྱི་ཐོངས་མཆན་བཀག་སྡོམ་བྱས་ཡོད་སྐོར་བསྒྲགས་འདུག
དེ་བཞིན་ཁོང་གིས་བོད་ནང་དུ་འགྲོ་སྐྱོད་བྱེད་རྒྱུ་ཡོད་པ་དེ་ནི། མངའ་ཁུལ་གྱི་བརྟན་ལྷིང་དང་ཁོར་ཡུག་སྲུང་སྐྱོབ་ལ་ཡང་གལ་ཆེན་ཆགས་ཡོད་པ། དེ་བཞིན་རྒྱ་ནག་གཞུང་གིས་བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་དང་ཨེ་ཤི་ཡའི་ཆུ་མང་ཆེ་བའི་ཆུ་མགོ་ལ་ཁོར་ཡུག་སྲུང་སྐྱོབ་བྱས་ཐུབ་མེད་པ་སོགས་བརྗོད་འདུག དེ་བཞིན་ཨ་རིས་བོད་མི་རྣམས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་རྒྱུར་མུ་མཐུད་ནས་རྒྱབ་སྐྱོར་བྱེད་རྒྱུ་ཡིན་སྐོར་བསྒྲགས་འདུག
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་མཱ་ཀྲིའོ་མཱེ་ཁསི་ཡིས། བོད་ནང་འགྲོ་སྐྱོད་བཀག་སྡོམ་བྱེད་མཁན་རྒྱ་ནག་གི་དཔོན་རིགས་ཚོར་ཉེས་ཆད་གཏོང་རྒྱུའི་ཐག་གཅོད་དེ་ལ་བརྟེན་ནས། ཨ་རིས་རྒྱ་ནག་ལ་བརྡ་ལན་གསལ་པོ་ཞིག་བཏང་ཡོད་པ་དང་། དེ་ནི་རྒྱ་ནག་གཞུང་གིས་བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་རྒྱལ་སྤྱིའི་མི་མང་བོད་ནང་དུ་འགྲོ་མ་བཅུག་པར་བོད་དེ་ཟུར་འཇོག་མུ་མཐུད་བྱེད་པར་མཇུག་འབྲས་ཡོང་རྒྱུ་ཡིན་པ་གསལ་པོ་བསྒྲགས་ཡོད་པ། དེ་བཞིན་ཨ་རི་གཞུང་གིས་ཨ་རིའི་མི་མང་ལ། རྒྱ་ནག་གཞུང་གིས་ཨ་རིའི་མི་སེར་ཡིན་པའི་བོད་མི་སྟོང་ཕྲག་མང་པོ་ཚུད་པའི་མི་སེར་རྣམས་ལ་དབྱེ་འབྱེད་བྱས་པར་ཁ་གཏད་གཅོག་རྒྱུ་ཡིན་པ་ཤེས་སུ་བཅུག་ཡོད་པ། དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ངོས་ནས་རྒྱ་ནག་ལ་གནོན་ཤུགས་དེ་འདྲ་སྤྲོད་པའི་དུས་ལ་སླེབས་ཡོད་སྐོར་བསྒྲགས་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།