ཨ་རིས་བོད་རྒྱ་སྒྱུར་སྲིད་བྱུས་ལག་བསྟར་དང་འབྲེལ་ཡོད་རྒྱའི་དཔོན་རིགས་ཚོའི་ཐོངས་མཆན་ལ་དམ་དྲག་གནང་རྒྱུ་ཡིན་འདུག

ཨ་རིའི་ཕྱི་སྲིད་དྲུང་ཆེ་ཡིས་བོད་ནང་གཏན་འཇགས་སློབ་གྲྭ་འཛུགས་མཁན་དང་འབྲེལ་ཡོད་ལས་བྱེད་རྣམས་ཨ་རི་ལ་ཡོང་རྒྱུའི་ཐོངས་མཆན་ལ་དམ་དྲག་བྱ་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ་ཡོད་པའི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཚེས་༢༣ ་ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ཚེས་༢༢ ་ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་ ཨན་ཊོ་ནེ་བྷི་ལིན་ཀེན་(Antony J. Blinken) ་གྱིས་གཏན་འཇགས་སློབ་གྲྭ་བརྒྱུད་བོད་ཕྲུག་ས་ཡ་གཅིག་ལྷག་རྒྱ་རིགས་སུ་བཙན་སྒྱུར་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པར་འབྲེལ་ཡོད་རྒྱ་གཞུང་གི་དཔོན་རིགས་ཁག་ཅིག་གི་ཐོངས་མཆན་ལ་དམ་དྲག་བྱེད་རྒྱུའི་གསལ་བསྒྲགས་ཞིག་སྤེལ་འདུག ཡིན་ན་ཡང་། ཨ་རི་ཕྱི་སྲིད་དྲུང་ཆེ་ཡིས་དཔོན་པོ་སུ་དང་སུ་ལ་དམ་དྲག་བྱེད་རྒྱུ་ཡིན་མིན་གསལ་སྟོན་བྱས་མེད་པ་རེད་འདུག

གསལ་བསྒྲགས་དེ་དང་འབྲེལ་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་རྒྱའི་ཐོག་གནས་ཚུལ་སྤེལ་གསལ་ལྟར་ན། བསྒྲགས་གཏམ་ནང་རྒྱ་ནག་གཞུང་གིས་སྟངས་འཛིན་འོག་ཡོད་པའི་གཏན་འཇགས་སློབ་གྲྭ་ཁག་ཏུ་བོད་ཕྲུག་ས་ཡ་གཅིག་ལྷག་རྒྱ་རིགས་སུ་སྒྱུར་བའི་བཙན་དབང་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པར་ཨ་རིའི་ཕྱི་སྲིད་ལྷན་ཁང་ནས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞིས་སྤོ་དང་རྒྱལ་འབངས་ཁྲིམས་ཡིག་གི་སྡེ་ཚན་༢༡༢ (a)(3)(C) དགོངས་དོན་རྒྱ་གཞུང་གི་འབྲེལ་ཡོད་དཔོན་རིགས་ཁག་ཅིག་གི་མཐོང་མཆན་ལ་དམ་དྲག་བྱ་རྒྱུ་ཡིན་ལ། རྒྱ་ནག་གཞུང་གིས་ལག་བསྟར་བྱེད་བཞིན་པའི་བཙན་དབང་ཅན་གྱི་སྲིད་བྱུས་དེ་དག་གིས་བོད་ཀྱི་མི་རབས་གཞོན་པའི་ཁྲོད་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་རྩ་མེད་གཏོང་ཐབས་རྩོམ་གྱི་ཡོད་ཅེས་འཁོད་ཡོད་འདུག

གཞན་ཡང་བསྒྲགས་གཏམ་ནང་དུ་ཨ་རི་གཞུང་གིས་རྒྱ་ནག་གཞུང་ངོས་ནས་གཏན་འཇགས་སློབ་གྲྭ་ཁག་ཏུ་བོད་ཕྲུག་བཙན་འཇུག་བྱེད་མཚམས་འཇོག་རྒྱུ་མ་ཟད། བོད་ཐེ་བའི་རྒྱ་ནག་རྒྱལ་ཡོངས་སུ་བཙན་སྒྱུར་གྱི་སྲིད་བྱུས་ལག་བསྟར་བྱེད་མཚམས་འཇོག་དགོས་པའི་འབོད་སྐུལ་གནང་ཡོད་འདུག

གནད་དོན་དེ་དང་འབྲེལ་ཏེ་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨན་ཀྲོ་ནི་བྷི་ལིན་ཀན་ (Antony Blinken) ་དང་། ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་མེ་ཐུ་མི་ལར་ (Matthew Miller) ། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ཨ་ཛ་ར་ཛེ་ཡ་ (Uzra Zeya) བཅས་ནས་སྤྱི་ཚོགས་དྲ་ལམ་ཨེག་སི་(X) ་སྟེང་གསལ་སྟོན་དྲིལ་བསྒྲགས་གནང་ཡོད་པའི་གནས་ཚུལ་འདུག་ལ།

འདས་པའི་ལོ་ངོ་ཁ་ཤས་ཀྱི་རིང་། ཨ་རི་དང་རྒྱ་ནག་གཉིས་ཐེ་ཝན་དང་ཡུ་གུར་མི་རིགས་ཀྱི་གནད་དོན། རྒྱ་ནད་བཅུ་དགུ་པའི་འབྱུང་ཁུངས་དང་ཚོང་གི་འབྲེལ་ལམ་སོགས་ཀྱི་ཐོག་ལ་འགལ་ཟླ་ཆེན་པོ་བྱུང་ཡོད་པར་བརྟེན། ཕྱོགས་གཉིས་ཀྱི་འབྲེལ་ལམ་བསྐྱར་གསོ་བྱེད་དགོས་པའི་དུས་སྐབས་སུ། ཨ་རི་ཕྱི་སྲིད་དྲུང་ཆེ་ཡིས་རྒྱ་ནག་གི་དཔོན་པོ་ཚོ་ཨ་རི་ལ་ཡོང་རྒྱུའི་ཐོངས་མཆན་ལ་དམ་དྲག་བྱ་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ་ཡོད་པའི་གནས་ཚུལ་ཐོན་འདུག །

གསར་འགོད་པ། བློ་བཟང་རྒྱ་མཚོ།