ཨ་རིས་མྱུར་དུ་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་བྱ་རྒྱུ་ཡིན་སྐོར་བརྗོད་འདུག
ཨ་རིའི་བྷའེ་ཌན་སྲིད་གཞུང་གི་བོད་དོན་དང་འབྲེལ་བའི་གཞུང་འབྲེལ་གཏམ་བཤད་ཐོག་མའི་ནང་། ཕྱི་སྲིད་ལས་ཁུངས་ནས་མགྱོགས་མྱུར་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཞིག་བསྐོ་བཞག་དང་། རྒྱ་ནག་ལ་གནོན་ཤུགས་སྤྲད་དེ་“སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་༧གོང་ས་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་བསྐྱར་གསོ་”བྱེད་དུ་འཇུག་རྒྱུ་ཡིན་སྐོར་བརྗོད་འདུག
ཕྱི་ཟླ་༢ ཨ་རིའི་ཚེས་༢ ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་ཡིག་ཐོག་བཀའ་ལན་ཞིག་གནང་བའི་ནང་། ཨ་རིའི་ཕྱི་སྲིད་དྲང་ཆེ་ཨན་ཐོ་ན-བྷི་ལིན་ཁི་(Antony Blinken) ཡིས་མགྱོགས་མྱུར་“ནུས་པ་ལྡན་པའི་མི་སྣ་ཞིག་བོད་དོན་དམིགས་བསལ་སྐུ་ཚབ་ཏུ་བསྐོ་གཞག་”གནང་རྒྱུ་ཡིན་སྐོར་བཤད་འདུག
ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པའི་བཀའ་ལན་དེའི་ནང་། ཨ་རིའི་ངོས་ནས་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། མཐུན་ཕྱོགས་རྒྱལ་ཁབ་དག་དང་མཉམ་འབྲེལ་གྱིས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་དེ་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པ་མཚམས་འཇོག་བྱེད་དུ་འཇུག་རྒྱུ་དང་། “སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་༧གོང་ས་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་བསྐྱར་གསོ་”བྱེད་དུ་འཇུག་རྒྱུ་ཡིན་སྐོར་སོགས་བཤད་ཡོད་འདུག
བྷའེ་ཌན་སྲིད་གཞུང་གི་བོད་དོན་དང་འབྲེལ་བའི་གསུང་བཤད་ཐོག་མ་དེ་སྲིད་འཛིན་བྷའེ་ཌན་གྱིས་འོས་བསྡུའི་སྐབས་བཤད་པའི་སྐད་ཆ་དང་མཐུན་ཡོད་འདུག་སྟེ། ན་ནིང་ཕྱི་ཟླ་༩ པར་བྷའེ་ཌན་གྱིས་འོས་བསྡུའི་ལས་འགུལ་སྤེལ་བཞིན་པའི་སྐབས། ཁོང་གིས་གལ་སྲིད་ཁོང་ཨ་རིའི་སྲིད་འཛིན་དུ་འདེམས་ཐོན་བྱུང་བ་ཡིན་ན། ཁོང་གིས་༧གོང་ས་མཆོག་དང་མཇལ་འཕྲད་ཞུ་བ་དང་། བོད་ཀྱི་གནད་དོན་ལ་རྟོག་ཞིབ་བྱེད་མཁན་གྱི་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་གནང་རྒྱུ་ཡིན་པའི་ཁས་ལེན་གནང་ཡོད་པ་མ་ཟད། “ངའི་སྲིད་གཞུང་གིས་བོད་དུ་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་མཁན་གྱི་འགོ་ཁྲིད་རྣམས་ལ་ཉེས་ཆད་གཏོང་རྒྱུ་ཡིན་”ཞེས་ཀྱང་གསུངས་ཡོད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།