ཨ་རིས་ཝེ་ནེ་ཛུ་ལར་གཏོར་རྒོལ་བྱས་པ་དེས་རྒྱ་ནག་ལ་ཤུགས་རྐྱེན་ཐེབས།

ཕྱི་ལོ་༢༠༢༦ ཟླ་༡ ཚེས་༦ ཉིན། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་ནི་ཝེ་ནེ་ཛུ་ལའི་བུན་བདག་ཆེ་ཤོས་ཤིག་ཡིན་ཞིང་། ད་ལྟའི་ཆར་ཝེ་ནེ་ཛུ་ལ་སྲིད་གཞུང་གིས་རྒྱ་ནག་ལ་ཨ་སྒོར་ཐེར་འབུམ་༡༠ ཙམ་གྱི་བུ་ལོན་སྤྲད་རྒྱུ་ལྷག་ཡོད་པར་བརྟེན། སྲིད་གཞུང་གསར་པས་བུན་ལྷག་དེ་ཁས་ལེན་མ་བྱས་ཚེ། རྒྱ་ནག་ལ་དཔལ་འབྱོར་གྱི་གྱོང་གུད་ཕོག་གི་ཡོད་པ་བརྗོད་འདུག


དེ་བཞིན་ཝེ་ནེ་ཛུ་ལ་ནི་འཛམ་གླིང་ཐོག་སྣུམ་གྱི་ཐོན་ཁུངས་ཆེ་ཤོས་ཤིག་ཡིན་པ་དང་། རྒྱ་ནག་གིས་རང་གི་སྣུམ་གྱི་དགོས་མཁོ་བསྐོང་ཆེད་དེར་མ་རྩ་ཕོན་ཆེན་བཙུགས་ཡོད་ན་ཡང་། ད་ལྟ་ཨ་རིའི་དམག་གིས་སྣུམ་གྱི་ཐོན་ཁུངས་དག་བཟུང་ཡོད་པས། རྒྱ་ནག་གིས་བཙུགས་པའི་མ་རྩ་དག་རྩ་བརླག་འགྲོ་ཉེན་ཡོད་པ་དང་། གནད་དོན་དེ་ནི་རྒྱ་ནག་གི་བརྒྱུད་གཅིག་ལམ་གཅིག་གི་ལས་གཞིའི་ནང་གི་གྱོང་གུད་ཆེ་ཤོས་ཤིག་ཏུ་འགྱུར་སྲིད་པ་བརྗོད་འདུག
གཞན་ཡང་། ཝེ་ནེ་ཛུ་ལ་སྲིད་གཞུང་གིས་རྒྱ་ནག་ནས་གནམ་གྲུ་དང་ལྕགས་ཁྲབ་འཁོར་ལོ། དེ་བཞིན་རེ་ཌར་ཞེས་གནམ་གྲུ་དང་འཕུར་མདེལ་སོགས་ངོས་འཛིན་བྱེད་ཀྱི་འཕྲུལ་ཆས་ཕོན་ཆེན་ཉོས་ཡོད་ན་ཡང་། ཉེ་ཆར་ཨ་རིས་གཏོར་རྒོལ་བྱེད་པའི་སྐབས། རྒྱ་ནག་ཏུ་བཟོས་པའི་རེ་ཌར་སོགས་ཀྱིས་ཨ་རིའི་༼F-22༽ དང་༼F-35༽ ཞེས་པའི་གནམ་གྲུ་རྣམས་ངོས་འཛིན་མ་ཐུབ་པའི་གནས་སུ་གྱུར། སྔོན་ཆད་པ་ཀི་སི་ཐན་གྱིས་རྒྱ་ནག་ཏུ་བཟོས་པའི་གོ་མཚོན་བེད་སྤྱོད་བྱས་ནས་རྒྱ་གར་ལ་ཁ་གཏད་བཅགས་རྗེས། རྒྱ་ནག་གིས་དྲིལ་བསྒྲགས་ཤུགས་ཆེན་བྱས་ཡོད་ན་ཡང་། ད་ཐེངས་ཀྱི་དོན་རྐྱེན་ཁྲོད་རང་ཉིད་ཀྱི་གོ་མཚོན་ལ་ཕམ་ཉེས་བྱུང་བས་རྒྱ་ནག་གི་གཞུང་འབྲེལ་གསར་ཁང་ཁག་ཁ་ཁུ་སིམ་པོར་བསྡད་ཡོད་ཚུལ་བརྗོད་འདུག
རྒྱ་ནག་གིས་ལོ་མང་རིང་ལྷོ་ཨ་མེ་རི་ཁའི་ཁུལ་དུ་ཕྱི་འབྲེལ་དང་མ་རྩ་བཙུགས་ནས་ཨ་རིའི་ཤུགས་རྐྱེན་ལ་གདོང་ལེན་བྱེད་བཞིན་ཡོད་པ་དང་། ན་ནིང་རྒྱ་ནག་གིས་རྒྱ་ནག་དང་ལྷོ་ཨ་མེ་རི་ཁའི་རྒྱལ་ཁབ་ཁག་དབར་གྱི་བཞུགས་མོལ་ཚོགས་འདུ་ཞིག་གོ་སྒྲིག་བྱས་ཤིང་། རྒྱ་ནག་དང་ལྷོ་ཨ་མེ་རི་ཁའི་དབར་གྱི་ཚོང་འབྲེལ་གྱི་འབོར་ཚད་ཨ་སྒོར་ཐེར་འབུམ་༥༡༩ ཟིན་ནས་ལོ་རྒྱུས་ཐོག་གི་མཐོ་ཤོས་སུ་སླེབས་ཡོད་པའི་གསལ་བསྒྲགས་བྱས་ཡོད་འདུག།ཡིན་ཡང་། ཉེ་ཆར་ཨ་རིའི་དམག་དོན་ལ་བརྟེན། ཝེ་ནེ་ཛུ་ལའི་ནང་རྒྱ་ནག་གི་ཁེ་ཕན་དང་། ལྷོ་ཨ་མེ་རི་ཁའི་ཁུལ་དུ་རྒྱ་ནག་གི་ཤུགས་རྐྱེན་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད་འདུག
རྩ་བས་ཨ་རིས་བཙན་ཁྲིད་བྱས་པའི་སྲིད་འཛིན་མ་དྷུ་རོ་ཡིས་ཨ་རིས་གཏོར་རྒོལ་མ་བྱས་པའི་ཆུ་ཚོད་འགའ་ཤས་ཀྱི་སྔོན། སྲིད་འཛིན་གྱི་ཕོ་བྲང་དུ་རྒྱ་ནག་གི་སྐུ་ཚབ་ཚོགས་པ་ཞིག་དང་མཉམ་དུ་འཛུམ་མདངས་དང་བཅས་གྲོས་མོལ་བྱས་ཡོད་པ་དང་། ཕྱི་ཟླ་༡ ཚེས་༢ ཀྱི་དགོང་མོར་ཁོང་གིས་མཇལ་འཕྲད་དང་འབྲེལ་དྲ་ཐོག་ཏུ། སྤུན་ཟླའི་མཇལ་འཕྲད་འདིས་རྒྱ་ནག་དང་ཝེ་ནེ་ཛུ་ལའི་བར་གྱི་བརྟན་ཅིང་ཟབ་པའི་སྤུན་ཟླ་དང་གྲོགས་པོའི་མཛའ་འབྲེལ་བསྐྱར་དུ་བརྟན་པོ་བཟོས་ཡོད་པ་དང་། སྐྱིད་སྡུག་གང་བྱུང་ཡང་མཉམ་དུ་ཡིན་ཞེས་སྤེལ་ཡོད་འདུག ཕྱི་ལོ་༢༠༢༣ ལོར་མ་དྷུ་རོ་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གཉིས་ཀྱིས་མཉམ་འབྲེལ་གསལ་བསྒྲགས་ཤིག་གི་ནང་། གནམ་གཤིས་ཀུན་ཕན་གྱི་འཐབ་ཇུས་ཟླ་གྲོགས་ཞེས་ཐ་སྙད་བེད་སྤྱོད་བྱས་ཡོད་པ་དང་། ད་ཆར་ཨ་རིའི་སྲིད་འཛིན་གྱིས་ལྷོ་ཨ་མེ་རི་ཁའི་ནང་རྒྱ་ནག་གི་འཐབ་ཇུས་གྲོགས་པོ་གལ་ཆེ་ཤོས་ཀྱི་སྲིད་གཞུང་མགོ་རྟིང་བསློགས་ཡོད་པས། རྒྱ་ནག་དང་ཝེ་ནེ་ཛུ་ལ་གཉིས་ཀྱི་དོན་དངོས་ཀྱི་འབྲེལ་ལམ་ལ་ཚོད་ལྟ་ཞིག་ཏུ་གྱུར་ཡོད་པ་བརྗོད་འདུག
ཐེངས་འདིའི་ཨ་རིའི་དམག་དོན་གྱི་གཏོར་རྒོལ་དེས་ཝེ་ནེ་ཛུ་ལའི་སྲིད་གཞུང་ལ་འགྱུར་བ་བཏང་བ་ཙམ་མ་ཟད། རྒྱལ་སྤྱིའི་ཐོག་རྒྱ་ནག་གི་དམག་དོན་ལག་རྩལ་དང་དཔལ་འབྱོར་འཐབ་ཇུས་ལ་ཕམ་ཉེས་ཆེན་པོ་ཞིག་བཟོས་ཡོད་འདུག ལྷག་པར་དུ་རྒྱ་ནག་གི་གོ་མཚོན་གྱིས་ཨ་རིའི་སྔོན་ཐོན་གནམ་གྲུ་ལ་ཁ་གཏད་གཅོག་མ་ཐུབ་པ་དེས་རྒྱ་ནག་གི་དམག་དོན་དྲིལ་བསྒྲགས་ཀྱི་རྫུན་རྐུབ་བརྡོལ་ཡོད་ཅིང་། མ་འོངས་པར་ལྷོ་ཨ་མེ་རི་ཁའི་ཁུལ་དུ་རྒྱ་ནག་གི་དབང་ཤུགས་རྒྱ་བསྐྱེད་བྱེད་པའི་འཆར་གཞི་ལའང་བཀག་འགོག་གི་ནུས་པ་ཆེན་པོ་ཐེབས་སྲིད་ཚུལ་བརྗོད་འདུག

གསར་འགོད་པ། བློ་བཟང་རྒྱ་མཚོ།