ཨ་རིས་ཡུ་གུར་ས་གནས་སུ་ཚོང་ལས་བྱེད་མཁན་ཨ་རིའི་ཚོང་ལས་ཁང་རྣམས་ལ་ཉེན་བརྡ་བཏང་འདུག
རྒྱལ་སྤྱིའི་ནང་དུ་རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་རྩ་མེད་གཏོང་བའི་དྲག་པོའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེར་སྐྱོན་བརྗོད་ཆེན་པོ་བྱེད་བཞིན་པའི་སྐབས་དེར། ཨ་རིའི་གཞུང་གིས་ཡུ་གུར་ས་གནས་སུ་ཚོང་ལས་གཉེར་མཁན་ཨ་རིའི་ཚོང་ལས་ཁང་ཚོ་ཨ་རིའི་ཁྲིམས་དང་འགལ་སྲིད་པའི་ཉེན་ཁ་ཡོད་པའི་ཉེན་བརྡ་བཏང་འདུག
ཟླ་༧ པའི་ཚེས་༡༤ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨ་རིའི་ཕྱི་སྲིད་ལས་ཁང་དང་དཔལ་འབྱོར་འདུ་འགོད་ལས་ཁང་། ཚོང་འབྲེལ་ལས་ཁང་། རྒྱལ་ནང་བདེ་འཇགས་ལས་ཁང་། ངལ་རྩོལ་ལས་ཁང་དང་ཨ་རིའི་ཚོང་འབྲེལ་སྐུ་ཚབ་ལས་ཁང་བཅས་མཉམ་སྦྲེལ་ཐོག་ནས། ཡུ་གུར་ས་གནས་སུ་ཚོང་འབྲེལ་ལས་དོན་ལ་ལམ་སྟོན་གསལ་བསྒྲགས་ཤིག་བྱས་འདུག
ལམ་སྟོན་ནང་དུ་ཡུ་གུར་ས་གནས་སུ་ཚོང་གི་ཅ་དངོས་མཁོ་སྤྲོད་རྒྱུད་ལམ་གཉེར་བ་དང་། ཚོང་ལས་སྒྲིག་འཛུགས་གཉེར་བ། མ་འཛུགས་འཇོག་བ་སོགས་བྱེད་རྒྱུ་མཚམས་འཇོག་མི་བྱེད་མཁན་ཨ་རིའི་ཚོང་ལས་ཁང་ཚོ་ཨ་རིའི་ཁྲིམས་དང་འགལ་བའི་ཉེན་ཁ་ཆེན་པོ་ཡོད་སྐོར་འཁོད་འདུག
གསར་འགོད་ལྷན་ཚོགས་སྐབས་སུ་ཨ་རིའི་ཕྱི་སྲིད་ལས་ཁང་གི་དྲུང་ཆེ་བྷེལི་ཀེན་གྱིས། ལམ་སྟོན་ཡིག་ཆའི་ནང་དུ་རྒྱ་ནག་གཞུང་གིས་ཡུ་གུར་ས་གནས་སུ་མི་རིགས་རྩ་མེད་དང་འགྲོ་བ་མིའི་རིགས་ཀྱི་ཐོབ་ཐང་ལ་རྡོག་རོལ་གཏོང་བའི་བྱ་སྤྱོད་ལ་འཇུག་བཞིན་ཡོད་པ་གསལ་ཡོད་སྐོར་བརྗོད་འདུག
བདུན་ཕྲག་སྔོན་མར་ཨ་རིའི་སྲིད་གཞུང་གིས་ཡུ་གུར་ས་གནས་སུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་དམ་དྲག་བྱེད་བཞིན་པ་དང་འབྲེལ་ནས། རྒྱ་ནག་གི་ཚོང་ལས་ཁང་༡༤ ཞིག་དཔལ་འབྱོར་ཉེས་ཆད་ཀྱི་ཐོ་གཞུང་ནང་ཐོ་འགོད་བྱས་ཡོད་འདུག
ཨ་རི་དང་ཁེ་ན་ཌ། ནཱེ་དར་ལན་ཌ་སོགས་ཀྱི་གྲོས་ཚོགས་ནང་དུ་རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་རྩ་མེད་བཟོ་བའི་བྱ་སྤྱོད་སྤེལ་བཞིན་ཡོད་པར་ངོས་འཛིན་བྱས་ཡོད་པ་རེད་འདུག
ཕྱི་ལོ་༢༠༢༠ ལོར་ཨ་རིའི་གཞུང་གིས་ཡུ་གུར་ས་གནས་སུ། རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་གཙོས་པའི་ཁ་ཆེ་གྲངས་ཉུང་མི་རིགས་ཚོར་བཙན་དབང་ཐོག་ནས་ངལ་རྩོལ་བྱེད་དུ་འཇུག་གི་ཡོད་པ་དང་། དེ་དང་འབྲེལ་བའི་ཚོང་རྫས་ཁག་ཅིག་བཀག་འགོག་བྱེད་རྒྱུ་ཡིན་སྐོར་བརྗོད་ཡོད་པ་དང་། དེའི་ནང་དུག་ལོག་དང་། སྤྲིན་བལ། ཀམ་པུ་ཊར་གྱི་ཆ་ཤས། སྐྲའི་ཐོན་རྫས་སོགས་ཡོད་པ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།