ཨ་རིས་ཡུག་རེན་ལ་འབར་རྫས་འཇིགས་སུ་རུང་བ་ཞིག་སྤྲད་ཡོད་འདུག 

ཨུ་རུ་སུ་དང་ཡུག་རེན་བར་དམག་འཁྲུག་བྱུང་ནས་ད་བར་ལོ་གཅིག་དང་ཟླ་བ་ལྔ་ལྷག་ཙམ་འགྲོ་བཞིན་པའི་སྐབས་འདིར། ཡུག་རེན་ལ་ནུབ་ཕྱོགས་རྒྱལ་ཁབ་དག་གིས་གོ་མཚོན་དུ་མའི་རོགས་རམ་སྤྲོད་བཞིན་ཡོད་ལ། ཉེ་ཆར་ཨ་རིས་ཡུག་རེན་ལ་འབར་རྫས་འཇིགས་སུ་རུང་བ་ཞིག་སྤྲད་ཡོད་པར་བརྟེན། ཕྱི་ལོ་༢༠༠༨ ལོར་འབར་རྫས་དེ་བཀག་འགོག་ཆེད་མཚན་རྟགས་རྒྱག་མཁན་རྒྱལ་ཁབ་༡༢༣ ཡོད་པ་དང་། དེ་དག་གིས་ད་ལྟ་ངོ་རྒོལ་རྒྱག་གི་ཡོད་འདུག 

ཕྱི་ཚེས་༧ གཟའ་པ་སངས་ཉིན་ཨ་རིའི་སྲིད་འཛིན་ཇོ་བྷ་ཌན་གྱིས་བརྗོད་དོན་ལ་ཨ་རིས་ཡུག་རེན་ལ་གོ་མཚོན་རོགས་རམ་ཁྲོད་འབར་རྫས་(Cluster)ཟེར་བ་དེ་སྤྲད་ཡོད་པར་བརྗོད་འདུག འབར་རྫས་དེ་ནི་རྒྱལ་ཁབ་༡༢༣ ལྷག་གིས་བེད་སྤྱོད་བྱ་རྒྱུ་བཀག་སྡོམ་བྱས་ཡོད་པར་བརྟེན། དབྱིན་ཡུལ་དང། ཁེ་ན་ཌ། ནེའུ་ཛི་ལན་ཌི། སི་པན་སོགས་ཀྱི་རྒྱལ་ཁབ་དག་གིས་ཨ་རིས་འབར་རྫས་ཁེ་ལ་སེ་ཌོ་ཟེར་བ་དེ་ཡུག་རེན་ལ་སྤྲད་པ་ངོ་རྒོལ་བྱེད་ཀྱི་ཡོད་འདུག འབར་རྫས་དེ་བེད་སྤྱོད་བྱེད་རྒྱུར་ངོ་རྒོལ་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་ནི་འབར་རྫས་དེ་འཐོར་རྗེས་ཉེ་འཁོར་གྱི་སའི་རྒྱ་ཁྱོན་ཆེན་པོ་ལ་གནོད་སྐྱོན་གཏོང་ཐུབ་པ་དང། མི་དམངས་མང་པོའི་ཚེ་སྲོག་ལ་ཉེན་ཁ་ཆེན་པོ་ཡོད་པར་བརྟེན། འབར་རྫས་དེ་བེད་སྤྱོད་བྱེད་རྒྱུ་ལ་རྒྱལ་ཁབ་མང་པོས་མོས་མཐུན་བྱེད་ཀྱི་མི་འདུག 

སྲིད་འཛིན་ཇོ་བྷི་ཌན་གྱིས་(CNN) ལ་བརྗོད་དོན་ལ། ཉེ་ཆར་ཨ་རིས་ཡུག་རེན་ལ་རོགས་རམ་ཨ སྒོར་ས་ཡ་༨༠༠ སྤྲད་ཡོད་པ་དང་། རོགས་རམ་དེའི་ཁྲོད་ཁེ་ལ་སེ་ཌོ་ཟེར་བའི་འབར་རྫས་དེ་ཡང་ཚུད་ཡོད་པར་བརྗོད་འདུག ཇོ་བྷི་ཌན་གྱིས་ཨ་རིའི་འགོ་ཁྲིད་དག་གིས་མོས་མཐུན་བྱེད་ཀྱི་མེད་ཀྱང་།  ཁོས་ཐབས་ཤེས་བྱས་ནས་སྤྲད་པ་ཡིན། རྒྱུ་མཚན་ནི་ད་ཆར་ཡུག་རེན་ལ་གོ་མཚོན་རྫོགས་བཞིན་ཡོད་རེད་ཅེས་བརྗོད་འདུག འབར་རྫས་དེ་སྤྲད་པ་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་འབར་རྫས་དེ་མི་མང་ཉམ་ཆུང་དག་ལ་ཉེན་ཁ་ཆེན་པོ་ཡིན་པས། དེ་ནི་ཨ་རིའི་ནོར་འཁྲུལ་ཆེན་པོ་རེད་ཟེར་ནས་ངོ་རྒོལ་བྱེད་བཞིན་ཡོད་འདུག་ལ། དབྱིན་ཡུལ་གྱི་སྲིད་བློན་རེག་ཤི་སོ་ནག་གིས་Rishi Sunak)བརྗོད་དོན་ལ་དབྱིན་ཡུལ་རྒྱལ་ཁབ་ནི་འབར་རྫས་དེ་བེད་སྤྱོད་བྱེད་རྒྱུ་དང་། བཟོ་སྐྲུན་བྱེད་རྒྱུ་སོགས་བཀག་སྡོམ་བྱེད་མཁན་ཁོངས་ནས་གཅིག་ཡིན་ཞེས་བྱང་ཆིངས་སྒྲིག་འཛུགས་ཀྱི་ཚོགས་འདུ་མ་ཚོགས་སྔོན་དུ་བརྗོད་ཡོད་འདུག དེ་བཞིན་འཇར་མན་དང་། ཁེ་ན་ཌ། ནེའུ་ཛི་ལན་ཌི། སི་པན་སོགས་ཀྱིས་མོས་མཐུན་བྱེད་ཀྱི་མི་འདུག་ཀྱང་། ཨ་རིས་བརྗོད་དོན་ལ་ཨུ་རུ་སུ་དང་ཡུག་རེན་གཉིས་ཀ་ཡིས་དམག་འཁྲུག་འགོ་འཛུགས་དུས་ནས་བེད་སྤྱོད་བྱེད་བཞིན་ཡོད་པར་བརྗོད་འདུག ཡུག་རེན་གྱི་བདེ་སྲུང་བློན་ཆེན་གྱིས་བརྗོད་དོན་ལ་མ་འོངས་པར་འབར་རྫས་དེ་མི་མང་ཁྲོད་བེད་སྤྱོད་མི་བྱེད་རྒྱུ་ཁས་ལེན་བྱས་ཡོད་འདུག འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མི་བའི་ཐོབ་ཐང་ཚོགས་པའི་མགྲིན་ཚབ་པས་བརྗོད་དོན་ལ། ཨ་རིས་འབར་རྫས་དེ་རིགས་ས་ཕྱོགས་གང་ལ་ཡང་བེད་སྤྱོད་བྱ་རྒྱུར་ངེས་པར་དུ་མཚམས་འཇོག་བྱེད་དགོས་ཞེས་བརྗོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།