ཨ་རིས་ཡུག་རེན་ལ་རྒྱབ་སྐྱོར་ཐད་དཀའ་ངལ་གསར་པ་ཞིག་ཡོང་སྲིད་པ་ཚོད་དཔག་བྱེད་བཞིན་འདུག
ཟླ་འདིའི་ཚེས་༣ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་༢༠༢༢ ཕྱི་ཟླ་༢ པའི་ནང་། ཨུ་རུ་སུ་དང་ཡུག་རེན་བར་དམག་འཁྲུག་འགོ་བཙུགས་པ་ནས་བཟུང་། ཨ་རི་ཡིས་ཡུག་རེན་ལ་དམག་དོན་ཆེད་ཨ་སྒོར་ཐེར་འབུམ་$༤༦.༦ ཡི་རོགས་རམ་བྱས་ནས་འཛམ་གླིང་ཐོག་ཡུག་རེན་གྱི་དམག་འཁྲུག་ལ་རོགས་རམ་བྱེད་མཁན་ཨང་དང་པོ་དེ་ཆགས་ཡོད་འདུག ཡིན་ན་ཡང་། ཉེ་ཆར་ཟླ་བ་ཁ་ཤས་ཀྱི་སྔོན་དུ་ཨ་རིའི་སྲིད་འཛིན་གྱིས་སླར་ཡང་གྲོས་ཚོགས་ལ་ཡུག་རེན་ལ་དམག་དོོན་རོགས་རམ་ཆེད་ཨ་སྒོར་ཐེར་འབུམ་$༢༤ བཀའ་འཁྲོལ་ཞུས་ཡོད་ཀྱང་། ཨ་རིའི་ཕྱོགས་འགལ་ཚོགས་པའམ། སྤྱི་མཐུན་ཚོགས་པས་ཡུག་རེན་ལ་དམག་དོན་རོགས་རམ་མུ་མཐུད་བྱ་རྒྱུ་ལ་དགག་བྱ་བྱས་པ་སོགས་ལ་བརྟེན། རོགས་རམ་གྱི་བཀའ་འཁྲོལ་ཐོབ་མེད་པའི་གནས་ཚུལ་ཐོན་འདུག

ཨ་རིའི་གཞུང་གིས་ཨུ་རུ་སུའི་སྲིད་འཛིན་ལ་སྣ་སུན་ཕོག་འཇུག་གི་ཡིན་ཞེས་དང་ཨུ་རུ་སུ་ཁེར་རྐྱང་དུ་བསྐྱུར་རྒྱུ་ལ་ཐབས་ཤེས་སྣ་ཚོགས་བྱས་ཡོད་ཀྱང་། ད་ལྟའི་ཆར་ལོ་འདིའི་ཕྱི་ཟླ་༡༡ ནས་ཨ་རི་ཡིས་ཡུག་རེན་ལ་དམག་དོན་རོགས་རམ་མུ་མཐུད་བྱེད་ཐུབ་མིན་ལ་གསལ་ཆ་གང་ཡང་མེད་པ་རེད་འདུག
རྒྱ་གར་གྱི་(Firstpost) ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རི་གཞུང་གིས་ཡུག་རེན་ལ་རོགས་རམ་བྱེད་དགོས་མིན་ཐོག་ཐེ་ཚོམ་ཟ་དགོས་པའི་རྒྱུ་མཚན་གསུམ་ཡོད་པ་དང་། རྒྱུ་མཚན་དང་པོ་ནི། ཡུག་རེན་ནང་ལྐོག་ཟ་རུལ་སུངས་ཀྱི་དཀའ་ངལ་ཆེན་པོ་ཡོད་པ་དང་། ཨ་རིའི་རོགས་དངུལ་དག་དོན་སྨིན་ཡོང་གི་ཡོད་མེད་ཐོག་ཨ་རི་གཞུང་གིས་སེམས་འཚབ་བྱེད་ཀྱི་ཡོད་ཅིང་། གནད་དོན་དེ་ཡུག་རེན་གྱི་སྲིད་འཛིན་གྱིས་ཤེས་རྟོགས་ཡོང་གི་ཡོད་པར་བརྟེན། ལོ་འདིའི་ཟླ་བ་༩ པའི་ནང་ཁོང་གིས་ཡུག་རེན་གྱི་བདེ་སྲུང་བློན་ཆེན་གནས་དབྱུང་བཏང་ཡོད་པ་མ་ཟད། བདུན་ཕྲག་སྔོན་མའི་ནང་ཁོང་གིས་ཡུག་རེན་གྱི་བདེ་སྲུང་བློན་ཆེན་གཞོན་པ་དྲུག་ཀ་ཕྱིར་ཕུད་བཏང་ཡོད་འདུག རྒྱུ་མཚན་གཉིས་པ་ནི་ཨ་རིའི་གཞུང་གིས་རོགས་དངུལ་སྤྲད་ནས་རེ་བ་བྱས་པ་ལྟར། ཡུག་རེན་གྱིས་དམག་ས་ལ་གྲུབ་འབྲས་འདོན་ཐུབ་ཀྱི་མེད་པའི་དབང་གིས་ཡིན་འདུག རྒྱུ་མཚན་གསུམ་པ་ནི། ཨ་རི་ནི་ཁེར་རྐྱང་དུ་བསྡད་འདོད་པ་ལས་དམག་འཁྲུག་གི་ནང་དུ་ཞུགས་འདོད་མེད་པ་དེ་ཡིན་ཞིང་། འདས་པའི་ལོ་རྒྱུས་ཁྲོད་ཀྱི་འཛམ་གླིང་དམག་ཆེན་གཉིས་ཀའི་ནང། ཨ་རིའི་ཁེ་ཕན་ཉེན་ཁ་མ་འཕྲད་བར་ཨ་རི་གཞུང་ནི་དམག་འཁྲུག་གི་ནང་ཞུགས་མེད་པ་རེད་འདུག
ལྷག་པར་དུ་ལོ་འདིའི་ཕྱི་ཟླ་༩ པའི་ནང་ཨ་རིའི་ནང་ཡུག་རེན་ལ་རྒྱབ་སྐྱོར་མུ་མཐུད་བྱེད་དགོས་མིན་ཐོག་བསམ་ཤོག་བསྡུ་ལེན་ཞིག་བྱས་ཡོད་པའི་ཁྲོད། མི་མང་བརྒྱ་ཆ་༥༥% ཡིས་རོགས་རམ་བྱེད་རྒྱུ་ལ་དགག་བྱ་བྱས་ཞིང་། མི་མང་བརྒྱ་ཆ་༤༥% ཡིས་མུ་མཐུད་རོགས་རམ་བྱེད་རྒྱུ་ལ་རྒྱབ་སྐྱོར་བྱས་པ་སོགས་དམག་འཁྲུག་འགོ་འཛུགས་དུས་དང་བསྡུར་ན་ཡུག་རེན་ལ་རྒྱབ་སྐྱོར་བྱེད་དགོས་རེད་ཟེར་མཁན་ཉུང་དུ་ཕྱིན་ཡོད་འདུག
གཞན་ཡང་དབུས་ཡུ་རོབ་ཀྱི་རྒྱལ་ཁབ་སི་ལོ་ཝ་ཁི་ཡའི་(Slovakia) གྲོས་ཚོགས་ཀྱི་འོས་བསྡུའི་རྒྱལ་ཁ་དེ་སྲིད་བློན་ཟུར་བ་རོ་བྷེར་ཊི་ ཧྥི་ཀོ་(Robert Fico) ་ཟེར་བའི་ཤོག་ཁག་ལ་ཐོབ་ཡོད་ཅིང་། ཁོང་ནི་ཨུ་རུ་སུ་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་འདུག ད་བར་རྒྱལ་ཁབ་དེ་ནི་ཡུག་རེན་ལ་རོགས་རམ་ཕོན་ཆེན་བྱེད་མཁན་ཡུ་རོབ་ཀྱི་རྒྱལ་ཁབ་ཨང་ལྔ་པ་དེ་ཆགས་ཡོད་འདུག རྒྱལ་ཁབ་དེ་དག་གི་ཆབ་སྲིད་དང་གཞུང་འཛིན་འཕོ་འགྱུར་སོགས་ལ་བརྟེན། མ་འོངས་པར་ཡུག་རེན་ལ་རྒྱབ་སྐྱོར་ཐད་དཀའ་ངལ་གསར་པ་ཞིག་ཡོང་སྲིད་པ་ཚོད་དཔག་བྱེད་བཞིན་ཡོད་འདུག།
གསར་འགོད་པ་བློ་བཟང་རྒྱ་མཚོ།