ཨ་རིས་རྒྱ་ནག་དམར་ཤོག་གི་ཚོགས་མིར་ཐོངས་མཆན་དུས་ཡུན་ཐུང་དུ་བཏང་འདུག

ཨ་རིས་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་རྣམས་ལ་སྟེར་བཞིན་པའི་ཐོངས་མཆན་(Visa) དེ་ལོ་ ༡༠ ནས་ཟླ་བ་ལ་གཅིག་ལ་ཐུང་དུ་བཏང་འདུག 

ཨ་རྒྱ་གཉིས་ཀྱི་བར་དུ་འགལ་བ་གཅིག་རྗེས་གཉིས་མཐུད་འབྱུང་བཞིན་པའི་དུས་འདིར། ཊོམ་སྲིད་གཞུང་ནས་ཕྱི་ཟླ་༡༢ པའི་ཨ་རིའི་ཚེས་༢ ཉིན་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་དང་། ཁོ་ཚོའི་ཁྱིམ་མི་རྣམས་ལ་ཐོངས་མཆན་ཐུང་དུ་གཏོང་བའི་སྒྲིག་ལམ་གསར་པ་ཞིག་བཞག་འདུག་ཅིང་། དེ་ལ་བརྟེན་ནས་སྟོབས་ཆེན་རྒྱལ་ཁབ་གཉིས་ཀྱི་འགལ་བ་སྔར་བས་ཀྱང་ཆེ་རུ་འགྲོ་རྒྱུ་ཡིན་འདུག 

གནད་དོན་དེར་རྒྱུས་མངའ་ལྡན་པའི་མི་གཉིས་ཀྱིས་བརྗོད་པ་ལྟར་ན། སྲིད་བྱུས་གསར་པ་དེའི་འོག་ཨ་རིས་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་དང་། ཁོ་ཚོའི་ཁྱིམ་མི་རྣམས་ལ་ཨ་རིར་འགྲོ་བའི་ཐོངས་མཆན་རིང་ཤོས་དེ་ཟླ་བ་དང་། དེ་ཡང་འགྲོ་ཐེངས་གཅིག་(Single entry) ལས་མེད་པ་བཟོས་ཡོད་འདུག་ལ། དེ་བཞིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་དམར་ཤོག་ཚོགས་པའི་ཚོགས་མི་རྣམས་ཀྱི་ཐོངས་མཆན་དེ་ལོ་༡༠ ནས་ཟླ་བ་གཅིག་ལ་ཉུང་དུ་བཏང་བ་ཡིན་སྐོར་བརྗོད་འདུག 

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས། ཐག་གཅོད་གསར་པ་དེ་ནི་“ང་ཚོའི་རྒྱལ་ཁབ་རྒྱ་ནག་དམར་ཤོག་ཚོགས་པའི་ཤུགས་རྐྱེན་ངན་པ་ལས་སྲུང་སྐྱོབ་བྱེད་པའི་ཆེད་དུ་”སྤེལ་བཞིན་སྲིད་བྱུས་ཀྱི་ཆ་ཤས་ཤིག་ཡིན་སྐོར་བརྗོད་པའི་ཐོག “ང་ཚོས་ལོ་ངོ་བཅུ་ཕྲག་མང་པོའི་རིང་རྒྱ་ནག་དམར་ཤོག་ཚོགས་མི་རྣམས་ལ་རང་དབང་ངང་ཨ་རིའི་ཚོང་ལས་དང་། ཤེས་ཡོན་ལྟེ་གནས་ཁང་ལ་ཡོང་དུ་བཅུག་ཡོད་ཀྱང་། ཨ་རིའི་མི་སེར་རྣམས་ལ་རྒྱ་ནག་ཏུ་གཅིག་མཚུངས་ཀྱི་ཐོབ་ཐང་གཏན་ནས་འཐོབ་མྱོང་མེད་”ཅེས་བསྣན་འདུག

རྒྱ་ནག་དམར་ཤོག་ཚོགས་མིའི་ཐོངས་མཆན་ལ་དམ་དྲག་བྱེད་པའི་སྲིད་བྱུས་འདི་སྲིད་འཛིན་ཊོམ་གྱི་ལས་ཡུན་རྫོགས་ལ་ཉེ་བའི་སྐབས་འདིར་བྱུང་བ་དང་། འདི་ལ་རྒྱ་ནག་གི་ཕྱོགས་ནས་ཀྱང་ཡ་ལན་སློག་ངེས་པས། ཕྱི་ལོ་༡༩༧༩ ལོར་ཨ་རྒྱའི་འབྲེལ་ལམ་འགོ་ཚུགས་པ་ནས་བཟུང་ཚད་གཞི་ཆེས་དམའ་ཤོས་སྐབས་སུ་སྲིད་འཛིན་གྱི་ལས་འགན་འཁུར་བཞིན་པའི་སྐུ་ཞབས་བྷ་ཌན་ལ་དཀའ་ཁག་འཕར་མ་ཞིག་ཆགས་རྒྱུ་ཡིན་འདུག 

རྒྱལ་སྤྱིའི་འབྲེལ་ལམ་ཉམས་ཞིབ་པ་འགའ་ཤས་ཀྱིས་སྐུ་ཞབས་བྷ་ཌན་སྲིད་འཛིན་དུ་བསྡད་རྗེས། ཨ་རྒྱའི་འབྲེལ་ལམ་དེ་ཊོམ་གྱི་སྐབས་ལས་བཟང་དུ་འགྲོ་རྒྱུ་ཡིན་ཚུལ་བཤད་ཀྱི་ཡོད། ཡིན་ན་ཡང་། སྐུ་ཞབས་བྷ་ཌན་གྱིས་རྒྱ་ནག་ལ་བཟུང་བའི་ལྟ་ཚུལ་དེ་དེ་སྔོན་ཁོང་ཨོ་བྷ་མའི་སྲིད་གཞུང་ནང་སྲིད་འཛིན་གཞོན་པའི་ལས་འགན་འཁུར་སྐབས་ལས་འགྱུར་བ་ཕྱིན་ཡོད་པར་མངོན་ལ། མ་མཐར་ཡང་། འདི་ལོའི་འོས་བསྡུའི་ལས་འགུལ་སྐབས། ཁོང་གིས་རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་ལ་“ཇག་པ་”ཞེས་བོས་པ་མ་ཟད། བོད་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་གྱི་རྒྱ་མིའི་འགོ་ཁྲིད་རྣམས་ལ་ཉེས་ཆད་གཅོད་རྒྱུ་དང་། ༧ཏཱ་ལའི་བླ་མ་དང་མཇལ་འཕྲད་ཞུ་རྒྱུ་སོགས་ཁས་ལེན་གནང་ཡོད། །

གསར་འགོད་པ་དཀོན་མཆོག་རབ་བརྟན།