ཨ་རིས་སང་ཉིན་ནས་རྒྱ་གར་གྱི་དངོས་ཟོག་ཏུ་སྒོ་ཁྲལ་བརྒྱ་ཆ་༢༥ འགེལ་རྒྱུ་ཡིན་པར་བརྗོད་འདུག

ཉེ་ཆར་གཟའ་ཟླ་བའི་ཉིན་སྲིད་འཛིན་ཊོམ་གྱིས་ཨུ་རུ་སུས་གྲོས་མོལ་ལམ་ནས་དམག་འཁྲུག་མཚམས་འཇོག་བྱེད་དགོས་པ་དང་། དེ་ཡང་ཉིན་༡༠ དང་༡༢ ནང་དམག་མཚམས་འཇོག་དགོས་ཤིང་། གལ་སྲིད་དེ་ལྟར་མ་བྱུང་ཚེ་ཨུ་རུ་སུ་དང་དེའི་ཚོང་རོགས་རྒྱལ་ཁབ་ཚང་མ་ལ་སྒོ་ཁྲལ་འགེལ་རྒྱུ་ཡིན་པར་བརྗོད་པས། རྒྱ་གར་དང་རྒྱ་ནག་སོགས་ཉེན་ཁ་ཆེན་པོ་ཆགས་ཀྱི་ཡོད་པ་བཞིན། སང་ཉིན་ཨ་རིས་རྒྱ་གར་ལ་སྒོ་ཁྲལ་བརྒྱ་ཆ་༢༥ འགེལ་རྒྱུ་ཡིན་འདུག་པ་དང་། ད་དུང་ཨུ་རུ་སུ་དང་ལྷན་དུ་ཚོང་འབྲེལ་བྱས་པའི་ཉེས་ཆད་ག་ཚོད་གཅོད་མིན་གསལ་པོ་མི་འདུག
ཕྱི་ཚེས་༣༡ ཉིན་བྷི་བྷི་སི་གསར་ཁང་གཙོས་པའི་གསར་ཁང་གཞན་ཚོས་གནས་ཚུལ་སྤེལ་གསལ་ལྟར་ན། ཁ་སང་ཕྱི་ཚེས་༣༠ ཉིན་ཨ་རིའི་སྲིད་འཛིན་གྱིས་སྒེར་གྱི་སྤྱི་ཚོགས་དྲྭ་ལམ་ཐོག་ཏུ་གནས་ཚུལ་སྤེལ་དོན་ལ། རྒྱ་གར་གྱི་དངོས་ཟོག་ཐོག་ཏུ་སྒོ་ཁྲལ་བརྒྱ་༢༥ འགེལ་རྒྱུ་ཡིན་པར་བརྗོད་འདུག འོན་ཀྱང་། ད་དུང་རྒྱ་གར་གྱིས་ཨུ་རུ་སུ་ནས་གོ་མཚོན་དང་སྣུམ་ཉོས་པ་ལ་བརྟེན་ནས། ཉེས་ཆད་ག་ཚོད་གཅོད་རྒྱུ་ཡིན་མིན་ཁ་གསལ་མི་འདུག སྤྱིར་བཏང་སྲིད་འཛིན་ཊོམ་གྱིས་ཨུ་རུ་སུ་ནས་སྣུམ་དང་གོ་མཚོན་རིགས་ཉོ་མཁན་ཚོར་སྒོ་ཁྲལ་འགེལ་རྒྱུ་ཡིན་པ་དང་། ཨུ་རུ་སུ་ནས་དངོས་ཟོག་ག་ཚོད་ཉོས་ནའང་དེ་ཙམ་གྱིས་ཡུག་རེན་མི་མང་གི་ཚེ་སྲོག་འཆོར་བཞིན་ཡོད་པས། དེ་འགོག་ཐབས་ཆེད་དུ་ང་ཚོ་ཚང་མས་ཤུགས་རྒྱག་དགོས་ཚུལ་བརྗོད་འདུག
ཐེངས་འདིའི་སྒོ་ཁྲལ་དེས་རྒྱ་གར་གྱི་དཔལ་འབྱོར་འཕེལ་རྒྱས་ལ་དོ་ཕོག་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་ཡོད་འདུག་ཅིང་། རྒྱ་གར་གྱི་དཔལ་འབྱོར་ཐོག་མཁས་པ་ཡིན་པའི་བུད་མེད་(Aditi Nayar)ཞེས་པ་དེས་ཐེངས་འདིའི་ཨ་རིའི་སྒོ་ཁྲལ་དེ་ང་ཚོས་ཚོད་དཔག་བྱས་པ་ལས་མང་བ་རེད་འདུག་པས། ད་ལྟའི་སྒོ་ཁྲལ་འདིས་མ་འོངས་པར་རྒྱ་གར་གྱི་དཔལ་འབྱོར་གྱི་ཡོང་འབབ་ (GDP)ལ་དོ་ཕོག་ཆེན་པོ་འགྲོ་རྒྱུའི་ཉེན་ཁ་ཡོད་པར་བརྗོད་འདུག དེ་སྔོན་གྱི་སྒོ་ཁྲལ་ལ་བརྟེན་ནས་རྒྱ་གར་གྱི་(GDP)གྲངས་ཚད་༦་༥ ནས་༦་༢ མར་ཟགས་ཡོད་པ་དང་། མ་འོངས་པར་རྒྱ་གར་གྱི་ (GDP)དེ་ལས་མར་འཛག་རྒྱུའི་ཉེན་ཁ་ཡོད་པར་བརྗོད་འདུག འདས་པའི་ཟླ་བའི་ནང་རྒྱ་གར་དང་ཨ་རི་གཉིས་བར་ཚོང་འབྲེལ་གྱི་གྲོས་མོལ་ཐེངས་མང་པོར་བྱས་ཡོད་འདུག་ཅིང་། རྒྱ་གར་གྱི་དངོས་ཟོག་མང་པོའི་ཐོག་ཏུ་སྒོ་ཁྲལ་ཉུང་དུ་བཏང་ཐུབ་ཡོད་འདུག འོན་ཀྱང་། ཨ་རིའི་ངོས་ནས་རྒྱ་གར་ལ་བུ་ལོན་ཨ་སྒོར་ཐེར་འབུམ་༤༥ སྤྲོད་དགོས་ཀྱི་ཡོད་པར་བརྟེན། སྲིད་འཛིན་ཊོམ་གྱིས་བུ་ལོན་དེ་དག་ཉུང་དུ་གཏོང་ཐབས་ཆེད་དུ་སྒོ་ཁྲལ་མང་དུ་གཏོང་གི་ཡོད་འདུག གལ་སྲིད་ཐེངས་འདིར་སྒོ་ཁྲལ་ཐོག་ཏུ་ཨུ་རུ་སུ་དང་ལྷན་དུ་ཚོང་འབྲེལ་བྱས་པའི་ཉེས་མིང་འོག་སྒོ་ཁྲལ་འཕར་མ་བཀལ་ཚེ། རྒྱ་གར་གྱི་དཔལ་འབྱོར་ལ་དོ་ཕོག་ཆེན་པོ་འགྲོ་རྒྱུའི་ཉེན་ཁ་ཧ་ཅང་ཆེན་པོ་ཡོད་འདུག སྤྱིར་བཏང་ད་ལྟ་རྒྱ་གར་དང་ཨ་རི་གཉིས་བར་ཨ་སྒོར་ཐེར་འབུམ་༡༩༠ ཙམ་གྱི་ཚོང་འབྲེལ་བྱེད་ཀྱི་ཡོད་འདུག་པ་དང་། རྒྱ་གར་གྱི་དངོས་ཟོག་མང་ཤོས་ཨ་རི་ལ་འཚོང་གི་ཡོད་འདུག

འོན་ཀྱང་། ཁ་སང་སྒོ་ཁྲལ་འགེལ་རྒྱུའི་གནས་ཚུལ་ཐོན་པ་དང་། ཁ་སང་དང་དེ་རིང་ལ་རྒྱ་གར་ནང་གི་མ་རྐང་ཁྲོམ་རའི་གོང་ཚད་ཧ་ཅང་མར་ཆག་ཡོད་འདུག་ལ། རྒྱ་གར་གྱི་དཔལ་འབྱོར་ཐོག་མཁས་པ་མང་པོས་སེམས་ཁྲལ་དང་བློ་ཕམ་བྱེད་ཀྱི་ཡོད་འདུག འོན་ཀྱང་། མཁས་པ་འགའ་ཤས་ཀྱིས་སྒོ་ཁྲལ་བརྒྱ་ཆ་༢༥ བཀལ་བ་དེ་ནི་གནས་སྐབས་ཙམ་ལས། མ་འོངས་པར་ཕྱོགས་གཉིས་ཀྱི་དངོས་ཟོག་ཕན་ཚུན་འཚོང་བཞིན་པ་དག་གི་གོང་ཚད་གསར་པ་བཟོ་དགོས་པ་ཞིག་ཡོང་ནས། དཀའ་ངལ་སེལ་ཐུབ་རྒྱུ་ཡིན་པར་བརྗོད་འདུག
རྒྱ་གར་གྱི་ཕྱོགས་འགལ་ཚོགས་པ་ཀོང་རེ་སིའི་སྲིད་དོན་ཚོགས་པས་མོ་དྷི་གཞུང་གིས་རྒྱ་གར་གྱི་ཕྱི་འབྲེལ་སྲིད་བྱུས་ལག་ལེན་ཡག་པོ་བསྟར་མ་ཐུབ་པའི་རྐྱེན་གྱིས་ད་ལྟ་དཀའ་ངལ་དེ་བཟོས་ཡོད་ཚུལ་སོགས་ཀྱི་སྐྱོན་བརྗོད་བྱེད་ཀྱི་ཡོད་འདུག འོན་ཀྱང་། ཨ་རི་དང་རྒྱ་གར་གཉིས་བར་གྱི་ཚོང་དོན་ལྷན་ཚོགས་ཀྱི་ཨ་རིའི་སྐུ་ཚབ་ཟུར་པ་(Mark Linscott)ཡིས་མ་འོངས་པར་རྒྱ་གར་དང་ཨ་རི་གཉིས་བར་གྲོས་མོལ་གྱི་ལམ་ནས་ཚོང་འབྲེལ་བཟང་དུ་འགྲོ་རྒྱུའི་རེ་བ་ཡོད་པར་བརྗོད་འདུག་ལ། ད་བར་རྒྱ་གར་དང་ཨ་རི་གཉིས་བར་ཨ་སྒོར་ཐེར་འབུམ་༡༩༠ ཡི་ཚོང་འབྲེལ་བྱེད་ཀྱི་ཡོད་པར་བརྟེན། མ་འོངས་པར་ཨ་སྒོར་ཐེར་འབུམ་༥༠༠ ཡི་ཚོང་འབྲེལ་ཡོང་རྒྱུའི་དམིགས་ཡུལ་བཟུང་ཡོད་པར་བརྗོད་འདུག ཡིན་ན་ཡང་། སྲིད་འཛིན་ཊོམ་གྱིས་རྒྱ་གར་གྱིས་ཨ་རི་དང་ལྷན་དུ་ཚོང་འབྲེལ་ཉུང་ཉུང་ལས་བྱེད་ཀྱི་མེད་པ་ལས། ཨུ་རུ་སུ་དང་རྒྱ་གར་གཉིས་བར་ཚོང་འབྲེལ་ག་ཚོད་བྱེད་མིན་ང་ལ་བྱུས་གཏོགས་མེད། ཨུ་རུ་སུ་དང་རྒྱ་གར་གཉིས་ཀྱི་དཔལ་འབྱོར་དེ་རྒྱལ་ཁབ་གཉིས་ཀྱིས་མཉམ་དུ་ཉམས་རྒུད་དུ་གཏོང་སྲིད་པ་ཞིག་རེད་འདུག་ཅེས་བརྗོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།