ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་སྡུག་ཏུ་ཕྱིན་པའི་རྐྱེན་གྱིས་རྒྱ་ནག་གི་སློབ་ཕྲུག་མང་པོ་ཕྱིར་ལོག

ད་ཆར་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ཡག་པོ་མེད་པའི་དུས་སྐབས་སུ་རྒྱ་ནག་གི་མཐོ་སློབ་ཐོན་པའི་སློབ་མ་མང་པོ་ཞིག་ཕྱིར་རྒྱ་ནག་ལ་ལོག་དགོས་འབྱུང་བཞིན་ཡོད་འདུག རྒྱུ་རྐྱེན་ནི་རྒྱ་ནག་གིས་སློབ་མས་ཨ་རིའི་འཕྲུལ་རིགས་སོགས་ཀྱི་གསང་བ་རྣམས་རྐུ་རྒྱག་ཡོད་པའི་རྐྱེན་གྱིས་ཡིན་འདུག 

ཕྱི་ཚེས་༢༣ ཉིན་རྒྱ་གར་གྱི་(wion)གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ད་ཆར་འཛམ་གླིང་ནང་དཔལ་འབྱོར་གྱི་སྟོབས་ཤུགས་ཆེ་ཤོས་ཀྱི་རྒྱལ་ཁབ་ཨ་རྒྱ་གཉིས་ཀྱི་བར་འབྲེལ་ལམ་སྡུག་ཏུ་ཕྱིན་ནས། ཨ་རིའི་ནང་ཡོད་པའི་ཨ་རིའི་མཐོ་སློབ་ཁག་ནས་ཐོན་མཁན་རྒྱ་ནག་གི་སློབ་མ་རྣམས། ཕྱིར་རྒྱ་ནག་ལ་ལོག་དགོས་འབྱུང་བཞིན་ཡོད་པ་དང་། (A Bloomberg )ཟེར་བའི་གོ་ལའི་དཔལ་འབྱོར་གྱི་ཚགས་ཤོག་ཐོག་སྙན་ཐོ་ཞིག་ཐོན་ཡོད་འདུག སྙན་ཐོ་དེའི་ནང་ད་ཆར་རྒྱ་མིའི་སློབ་མ་མང་པོ་ཞིག་ལ་ཨ་རི་ནང་དམ་དྲག་བྱེད་ཀྱི་ཡོད་པའི་རྐྱེན་གྱིས་ཕྱིར་རྒྱ་ནག་ལ་ལོག་མཁན་སྔར་ལས་ཇེ་མང་དུ་འགྲོ་བཞིན་ཡོད་པར་བརྗོད་འདུག སྙན་ཐོ་དེའི་ནང་ཕྱི་ལོ་༢༠༢༢ ནང་ཕྱིར་རྒྱ་ནག་ལ་ལོག་མཁན་གྱི་བརྒྱ་ཆ་ནི་༨་༦ བྱུང་ནས་ཕྱི་ལོ་༢༠༢༡ ལས་མང་དུ་ཕྱིན་ཡོད་འདུག་ལ། ཕྱི་ལོ་༢༠༡༩ ནང་ཨ་རིའི་མཐོ་སློབ་ནས་ཐོན་རྗེས། ཕྱིར་རྒྱ་ནག་ལ་ལོག་མཁན་གྱི་སློབ་མ་ཁྱོན་༥༨༠༠༠༠ བྱུང་ཡོད་འདུག ཨ་རྒྱ་གཉིས་བར་འབྲེལ་ལམ་སྡུག་ཏུ་ཕྱིན་པར་བརྟེན། ད་ཆར་ཨ་རིའི་དངོས་ཟོག་རྒྱ་ནག་ནང་བཟོ་སྐྲུན་བྱེད་རྒྱུ་ཉུང་དུ་གཏོང་བཞིན་ཡོད་པ་དང་། དེ་བཞིན་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་དག་གིས་ཀྱང་རྒྱ་ནག་དང་རྒྱང་ཐག་རིང་དུ་གཏོང་བཞིན་ཡོད་འདུག རྒྱ་ནག་ལ་ཆ་མཚོན་ན་ཕྱི་ཕྱོགས་སུ་གནས་ཚུལ་རིགས་མི་ཤོར་བའི་ཆེད་དུ་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་པའི་སྐབས་འདིར། ཨ་རིའི་ནང་ཡོད་པའི་རྒྱ་ནག་གི་ཤེས་ཡོན་ཅན་དང་སློབ་མ་རྣམས་ལ་ཨ་རིའི་གཞུང་གིས་འཕྲུལ་རིགས་དང་འབྲེལ་བའི་གསང་བ་རྐུན་མ་ཤོར་གྱི་འདུག་ཅེས་བརྗོད་ནས་དམ་དྲག་ཆེན་པོ་བྱེད་འགོ་བཙུགས་ཡོད་འདུག དཔལ་འབྱོར་གྱི་སྟོབས་ཤུགས་ཆེ་ཤོས་ཀྱི་རྒྱལ་ཁབ་གཉིས་བར་འབྲེལ་ལམ་སྡུག་ཏུ་ཕྱིན་པའི་རྐྱེན་གྱིས་ཕུགས་བསམ་ལྡན་པའི་རྒྱ་མིའི་སློབ་མ་མང་པོའི་རེ་བ་བརླགས་པ་དང་། ཐོངས་མཆན་མ་རག་ནས་ཕྱི་ཕྱོགས་སུ་སློབ་སྦྱོང་ཆེད་འགྲོ་རྒྱུའི་གོ་སྐབས་ཤོར་བ། རྒྱ་ནག་ནང་ལས་མེད་ཀྱི་དཀའ་ངལ་སོགས་ཀྱི་ད་ཆར་རྒྱ་ནག་གི་གཞོན་སྐྱེས་རྣམས་ལ་དཀའ་སྡུག་ཆེན་པོ་འཕྲད་བཞིན་ཡོད་པ་སྙན་ཐོའི་ནང་ཐོན་ཡོད་འདུག དེ་བཞིན་རྒྱ་ནག་ནང་ད་ཆར་མི་སྒེར་པ་འབྱོར་ལྡན་རྣམས་ལ་གཞུང་གིས་དམ་དྲག་དང་བཀག་སྡོམ་བྱེད་བཞིན་པའི་རྐྱེན་གྱིས་སྤྱི་ཚོགས་ནང་དཔལ་འབྱོར་སྤྱི་སྙོམ་མི་ཡོང་བ་དང་། སྤྱི་ཚོགས་ཁྲོད་དཔལ་འབྱོར་འཁོར་སྐྱོད་ཉམས་རྒུད་དུ་འགྲོ་བཞིན་ཡོད་པར་བརྗོད་འདུག ཨ་རི་དང་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་རྣམས་ལ་མཚོན་ན། རྒྱ་ནག་ནས་ན་གཞོན་ཤེས་ཡོན་ཅན་གང་མང་ཡོང་མི་ཐུབ་པ་ནི་རྒྱལ་ཁབ་དེ་དག་གི་དཔལ་འབྱོར་ཡར་རྒྱས་ལ་གྱོང་གུད་ཡིན་པར་ཡང་བརྗོད་འདུག སྙན་ཐོ་དེའི་ནང་བརྗོད་དོན་ལ་ད་ཆར་རྒྱ་ནག་གི་ན་གཞོན་ཁྲོད་ཨ་རི་ལ་ལྟ་ཕྱོགས་སྡུག་ཏུ་འགྲོ་བཞིན་ཡོད་པར་བརྗོད་འདུག་ལ། ཨ་རྒྱ་གཉིས་ཀྱི་བར་ཕན་ཚུན་ཡིད་ཆེས་མེད་པའི་རྐྱེན་གྱིས་ཤེས་ཡོན་དང་དཔལ་འབྱོར་སོགས་ཀྱི་ནུས་པ་སྤེལ་རེས་ལས་གཞི་མང་པོ་ཞིག་ཉུང་དུ་འགྲོ་བཞིན་ཡོད་པར་ཡང་བརྗོད་འདུག ཕྱི་ལོ་༢༠༢༣ཟླ་བ་༡ ནང་རྒྱ་ནག་གི་སློབ་མ་ཨ་རི་ལ་ཡོང་མཁན་དུས་རྒྱུན་ལས་བརྒྱ་ཆ་༢༩ ཉུང་དུ་ཕྱིན་ཡོད་འདུག རྒྱ་ནག་ཡོད་པའི་(New Oriental Education and Technology Group) ཟེར་བའི་མདུན་ལམ་ལམ་སྟོན་ཚན་པ་ཞིག་གིས་སྙན་ཐོ་ཞིག་ནང་བརྗོད་དོན་ལ། རྒྱ་ནག་ནང་ཡོད་པའི་སློབ་མ་བརྒྱ་ཆ་༤༠ ཡིས་ནུབ་ཕྱོགས་སུ་སློབ་སྦྱོང་བྱེད་རྒྱུའི་འདུན་པ་ཡོད་ཀྱང་། ད་ཆར་རྒྱ་ནག་གི་སློབ་མ་རྣམས་ལ་དམ་དྲག་བྱེད་ཀྱི་ཡོད་པར་བརྟེན། རྒྱ་ནག་དང་འཆམ་པོ་ཡོད་པའི་རྒྱལ་ཁབ་གཞན་དག་གི་ནང་འགྲོ་ཐབས་བྱེད་བཞིན་ཡོད་པར་རྗོད་ཀྱི་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།