ཨ་རྒྱ་གཉིས་བར་གྱི་ཚོང་དོན་དམག་འཁྲུག་མཚམས་འཇོག་ཡོང་ཐབས་སུ་གྲོས་མོལ་དང་སྒོ་ཁྲལ་ཉུང་དུ་བཏང་བ།

ཌོ་ནལ་ཊོམ་ཨ་རིའི་སྲིད་འཛིན་ཆགས་རྗེས་འཛམ་གླིང་ཁྱོན་ཡོངས་ཀྱི་རྒྱལ་ཁབ་མང་པོ་ཞིག་གི་དངོས་ཟོག་ཐོག་སྒོ་ཁྲལ་བཀལ་ནས་དཀའ་ངལ་དུ་མ་ཞིག་འཕྲད་བཞིན་ཡོད་པ་དང་། དམིགས་བསལ་རྒྱ་ནག་གི་དངོས་ཟོག་ཐོག་སྒོ་ཁྲལ་བརྒྱ་ཆ་༡༤༥ བཀལ་ནས་རྒྱ་ནག་ནང་གི་བཟོ་གྲྭ་ཧ་ཅང་མང་པོ་ཞིག་ལ་དཀའ་ངལ་ཆེན་པོ་འཕྲད་ཡོད་འདུག་པར་བརྟེན། ཉེ་ཆར་ཨ་རི་དང་རྒྱ་ནག་གཉིས་བར་སུད་སི་རྒྱལ་ཁབ་ཏུ་དེའི་སྐོར་གྲོས་མོལ་བྱས་ཡོད་འདུག

ཕྱི་ཚེས་༡༢ ཉིན་བྷི་བྷི་སི་དང་གཞན་རྒྱལ་སྤྱིའི་གསར་ཁང་ཆེ་ཁག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། བདུན་ཕྲག་གོང་མའི་གཟའ་སྤེན་པ་དང་ཉི་མ་བཅས་ཉིན་གཉིས་རིང་སུད་སིའི་གྲོང་ཁྱེར་(Geneva)ཇི་ནི་ཝ་རུ། ཨ་རི་དང་རྒྱ་ནག་གཉིས་བར་གྱི་ཚོང་དོན་དམག་འཁྲུག་དང་འབྲེལ་བའི་སྐོར་གྲོས་མོལ་བྱས་ཡོད་འདུག་པ་དང་། སྐབས་དེ་དུས་ཨ་རིའི་སྲིད་འཛིན་ཊོམ་གྱིས་ད་ཆར་ཨ་རྒྱ་གཉིས་བར་གྱི་ཚོང་དོན་འབྲེལ་ལམ་ཐད་བསྐྱར་ཞིབ་བྱས་ཡོད་ཅིང་། ཕྱོགས་སོ་སོ་ནས་སྒོ་ཁྲལ་ཉུང་དུ་བཏང་ཡོད་པར་བརྗོད་འདུག ཉེ་སྔོན་ཨ་རིས་རྒྱ་ནག་གི་དངོས་ཟོག་ཐོག་སྒོ་ཁྲལ་བརྒྱ་ཆ་༡༤༥ བཀལ་ཡོད་པ་དང་། རྒྱ་ནག་གིས་ཨ་རིའི་དངོས་ཟོག་ཐོག་སྒོ་ཁྲལ་བརྒྱ་ཆ་༡༢༥ བཀལ་ཡོད་ཀྱང་། ད་ཆར་ཕྱོགས་གཉིས་ཀ་ཡིས་སྒོ་ཁྲལ་ཉུང་དུ་བཏང་སྟེ། ཨ་རིས་རྒྱ་ནག་ལ་སྒོ་ཁྲལ་བརྒྱ་ཆ་༡༤༥ ནས་བརྒྱ་ཆ་༣༠ མར་བཅག་ཡོད་འདུག་ལ། རྒྱ་ནག་གིས་བརྒྱ་ཆ་༡༢༥ ནས་བརྒྱ་ཆ་༡༠ བཅག་ཡོད་འདུག

ཐེངས་འདིའི་སྒོ་ཁྲལ་བཅག་པའམ་ཉུང་དུ་བཏང་བ་དེ་འབྱུང་འགྱུར་ཉིན་གྲངས་༩༠ རིང་ཡིན་འདུག་ཅིང་། དུས་ཡུན་དེ་དག་གི་རིང་རྒྱལ་ཁབ་གཉིས་བར་གྲོས་མོལ་མུ་མཐུད་ནས་བྱེད་རྒྱུ་ཡིན་འདུག གྲོས་མོལ་དེ་རྒྱ་ནག་ནང་དང་ཡང་ན་ཨ་རིའི་ནང་། དེ་མིན་གྱི་རྒྱལ་ཁབ་གཞན་ཞིག་ནང་བཅས་གང་དུ་བྱེད་དགོས་ཀྱང་བྱེད་རྒྱུ་ཡིན་པ་ཨ་རིའི་སྲིད་འཛིན་གྱིས་བརྗོད་འདུག་པ་དང་། གལ་སྲིད་མ་འོངས་པར་གྲོས་མོལ་དེ་ལམ་འགྲོ་མ་བྱུང་ཚེ་སྒོ་ཁྲལ་མང་དུ་གཏོང་སྲིད་པར་ཡང་བརྗོད་འདུག སྲིད་འཛིན་ཊོམ་གྱིས་ང་ཚོས་སྒོ་ཁྲལ་བཀལ་བའི་རྐྱེན་གྱིས་རྒྱ་ནག་ནང་བཟོ་གྲྭ་མང་པོ་ཞིག་སྒོ་རྒྱག་དགོས་འབྱུང་བཞིན་པ་དང་། རྒྱ་ནག་གི་དཔལ་འབྱོར་ཁྱོན་ཡོངས་ལ་དོ་ཕོག་ཆེན་པོ་འབྱུང་བཞིན་ཡོད་འདུག་ཅིང་། རྒྱ་ནག་སྐྱིད་པོ་མེད་པ་འདྲ། བདུན་ཕྲག་འདིའི་གཟའ་མཇུག་ཏུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ལྷན་དུ་གྲོས་མོལ་བྱེད་རྒྱུའི་འཆར་གཞི་ཡོད་པར་བརྗོད་འདུག གཟའ་ཟླ་བའི་ཉིན་རྒྱ་ནག་གི་མ་རྐང་ཁྲོམ་རྭའི་བརྒྱ་ཆ་མང་པོ་ཞིག་ཡར་འཕར་ཡོད་པར་བརྗོད་འདུག་པ་དང་།  འདི་ལོའི་ཕྱི་ཟླ་༢ པའི་ནང་ཨ་རིའི་སྲིད་འཛིན་ཊོམ་གྱིས་རྒྱ་ནག་གི་དངོས་ཟོག་ཐོག་སྒོ་ཁྲལ་འགེལ་རྒྱུའི་གསལ་བསྒྲགས་བྱས་རྗེས་རྒྱ་ནག་གི་མ་རྐང་ཁྲོམ་རྭའི་འཛའ་མར་ཆགས་ནས་ཚོང་པ་མང་པོ་ཞིག་གི་དཔལ་འབྱོར་ཐོག་ནས་གྱོང་གུད་ཆེན་པོ་ཕོག་ཡོད་འདུག 

ད་ལྟ་སྒོ་ཁྲལ་ཉུང་དུ་བཏང་ཡོད་འདུག་ཀྱང་། རྒྱ་ནག་གི་ཚོང་པ་མང་པོ་ཞིག་གིས་ཊོམ་གྱི་ཨ་རིའི་སྲིད་འཛིན་དུས་ཡུན་ད་དུང་ལོ་གསུམ་ལྷག་ཙམ་ཡོད་པར་བརྟེན།  མ་འོངས་པར་གང་འདྲ་འབྱུང་ཡོང་བསམ་ནས་སེམས་ཁྲལ་ཆེན་པོ་བྱེད་བཞིན་ཡོད་འདུག རྒྱལ་སྤྱིའི་ཚོང་དོན་ཚོགས་པ་(The International Chamber of Commerce )ཟེར་བ་དེ་ཡིས་ཐེངས་འདིར་རྒྱ་ནག་དང་ཨ་རི་གཉིས་བར་གྲོས་མོལ་གྱི་ལམ་ནས་སྒོ་ཁྲལ་ཉུང་དུ་བཏང་བ་ནས་ཤེས་ཐུབ་པ་ཞིག་ལ། རྒྱལ་ཁབ་གཉིས་ཀ་ལ་སྒོ་ཁྲལ་མུ་མཐུད་ནས་འཇོག་འདོད་མེད་པ་གསལ་པོ་སྟོན་གྱི་ཡོད་པར་བརྗོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།