རྒྱ་གཞུང་གིས་ཨ་སྒོར་ཐེར་འབུམ་མང་པོ་བཏང་ནས་དྲྭ་ཐོག་ནས་མི་མང་ལ་འཇིགས་སྐུལ་བྱེད་བཞིན་ཡོད་འདུག

བརྡ་འཕྲིན་གྱི་དུས་རབས་ནང་དྲྭ་རྒྱའི་ཐོག་ནས་གནས་ཚུལ་བདེན་པ་མ་ཡིན་པ་རྫུན་མའི་རིགས་ཁྱབ་སྤེལ་དང་། གཞན་ལ་འཇིགས་སྐུལ་བྱེད་པ་སོགས་ཀྱི་དཀའ་ངལ་མང་པོ་ཞིག་ཡོང་བཞིན་ཡོད་པ་བཞིན། ད་ཆར་རྒྱ་ནག་སྟོབས་འབྱོར་ཆེན་པོ་འགྱུར་བའི་སྐབས་སུ་རྒྱ་ནག་དམར་ཤོག་གཞུང་གིས་བདེན་པ་མ་ཡིན་པའི་རྫུན་གཏམ་རིགས་ཁྱབ་སྤེལ་དང་། རྒྱ་ནག་དམར་ཤོག་གཞུང་ལ་སྐྱོན་བརྗོད་རིགས་འགོག་ཐབས་ཆེད་དུ། ཨ་སྒོར་ཐེར་འབུམ་མང་པོ་བཏང་ནས་རྒྱ་ནག་དམར་ཤོག་གཞུང་ལ་སྐྱོན་བརྗོད་བྱེད་མཁན་དག་ལ་དྲྭ་ཐོག་ནས་འཇིགས་སྐུལ་བྱེད་བཞིན་ཡོད་འདུག
ཕྱི་ཚེས་༡༤ ཉིན་CNNགསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་ནི་ད་ཆར་འཛམ་གླིང་ནང་དྲྭ་ཐོག་ནས་བདེན་པ་མིན་པའི་རྫུན་གཏམ་རིགས་ཁྱབ་སྤེལ་དང་། ཨ་རིའི་ནང་ཡོད་པའི་མི་མང་ཁྲོད་རྒྱ་ནག་དམར་ཤོག་གཞུང་ལ་སྐྱོན་བརྗོད་དང་། ཟུར་ཟའི་རིགས་བྱེད་མཁན་དག་ལ་འཇིགས་སྐུལ་བྱེད་མཁན་ཆེ་ཤོས་དེ་ཡིན་པ། ཨ་རིའི་ཁྲིམས་ཁང་ཁག་ནང་ཞུ་གཏུགས་བྱེད་མཁན་བྱུང་བ་དང་། འཕྲུལ་རིགས་ཀྱི་ཚོང་གཉེར་ཁང་དག་གིས་ཀྱང་རྙེད་ཡོད་པར་བརྗོད་འདུག ཨ་རིའི་ནང་ཡོད་པའི་ཚོང་པ་དང་ཆབ་སྲིད་པ། མི་མང་དཀྱུས་མ། གསར་འགོད་པ་སོགས་ལ་དྲྭ་ཐོག་ནས་འཇིགས་སྐུལ་བྱེད་རྒྱུ་དེ་རྒྱ་ནག་གཞུང་ལ་དམིགས་ཡུལ་ངེས་ཅན་ཞིག་ཡོད་པར་ཡང་བརྗོད་འདུག ཨ་རི་གཞུང་གིས་བརྗོད་དོན་ལ་ད་ཆར་ཞི་ཅིན་ཕིང་གིས་འགོ་ཁྲིད་པའི་རྒྱ་ནག་གཞུང་གིས་འཛམ་གླིང་ཁྱོན་ཡོངས་ལ་རྒྱ་ནག་གི་ཤུགས་རྐྱེན་སླེབ་ཐབས་དང་། བརྡ་འཕྲིན་གྱི་ཁོར་ཡུག་ནང་རྒྱ་ནག་གིས་དབང་སྒྱུར་ཐབས་ཆེད་དུ་ཨ་སྒོར་ཐེར་འབུར་མང་པོ་གཏོང་བཞིན་ཡོད་པར་ཡང་བརྗོད་འདུག་ལ། ཨ་རིའི་ནང་དྲྭ་ཐོག་ཏུ་སྐབས་རེར་ཁ་པར་གཏོང་ཡོང་བ་དང་། ཡི་གེ་འབྱོར་བ་སོགས་བྱས་ནས་རྒྱལ་ཚོང་བ་དང་། ཁྱི་རྒན་བརྗོད་ནས་འཇིགས་སྐུལ་བྱེད་པ། གཞན་ཡང་ཨ་རིའི་ནང་མི་རིགས་དབྱེ་འབྱེད་བྱེད་པ། ཚེ་སྲོག་ལ་འཇིགས་སྐུལ་བྱེད་པ། མི་སྒེར་གྱི་དྲྭ་རྒྱ་ལ་གཏོར་རྒོལ་གཏོང་བ། གསར་འགོད་པ་དག་དང་མི་མང་ལ་འཇིགས་སྐུལ་བྱེད་པ་སོགས་བྱེད་ཀྱི་ཡོད་འདུག ཨ་རིའི་ནང་གི་བདེ་འཇགས་ལས་ཁུངས་ཁག་ལ་ཞུ་གཏུགས་རྒྱག་མཁན་དུ་མ་བྱུང་བའི་རྐྱེན་གྱིས་དྲྭ་ཐོག་ལ་ཡོད་པའི་མི་སྒེར་ཁ་བྱང་རྫུན་མ་ཡིན་པའི་དྲྭ་རྒྱ་སྟོང་ཚོ་མང་པོ་དྲྭ་ཚོང་གཉེར་མཁན་ཁག་གིས་སྒོ་བརྒྱབས་ཡོད་འདུག་ཀྱང་། ད་དུང་ཁ་བྱང་རྫུན་མ་ཅན་གྱི་དྲྭ་རྒྱ་མང་པོ་བཟོས་ནས་སྤྱི་ཚོགས་བདེ་འཇགས་ལ་གནོད་པའི་བྱ་སྤྱོད་རིགས་དུ་མ་སྤེལ་གྱི་ཡོད་འདུག དེ་བཞིན་འདི་ལོ་གཅིག་པུའི་ནང་ངོ་དེབ་ནང་ཡོད་པའི་དྲ་རྒྱ་རྫུན་མ་༨༠༠༠ ཙམ་དང་། ཁྱོད་བརྙན་YouTubeདང་Googleགཉིས་ནས་དྲྭ་རྒྱ་རྫུན་མ་༡༠༠༠༠༠ ཙམ་ཞིག་སྒོ་བརྒྱབས་ཡོད་འདུག དེ་བཞིན་Twitter་དྲྭ་རྒྱའམ་ཨིག་སིའི་ནང་རྒྱ་ནག་གཞུང་དང་འབྲེལ་བ་ཡོད་པ་རྟོགས་ནས་དྲྭ་རྒྱ་སྟོང་ཕྲག་འགའ་ཤས་སྒོ་བརྒྱབས་ཡོད་འདུག དྲྭ་རྒྱའི་ཆེད་ལས་མཁས་པ་དག་གིས་བརྗོད་དོན་ལ་དྲྭ་རྒྱའི་ཐོག་ནས་རྒྱ་ནག་དམར་ཤོག་གཞུང་གིས་རྒྱལ་སྤྱིའི་གནད་དོན་དག་ལ་འགྲེལ་བརྗོད་བྱེད་སྟངས་དེ་ཁྱབ་སྤེལ་གཏོང་ཐབས་དང་། ཨ་རིའི་དམངས་གཙོ་ལ་དོ་ཕོག་གཏོང་ཐབས་བྱེད་བཞིན་པ་ནི་རྒྱ་ནག་གཞུང་གི་དམིགས་ཡུལ་གཙོ་བོ་ཞིག་ཡིན་པར་བརྗོད་འདུག་ལ། (House Select Committee on the CCP)ཟེར་བའི་ཨ་རིའི་གྲོས་ཚོགས་ནས་རྒྱ་ནག་དམར་ཤོག་གཞུང་ཐོག་ལྟ་རྟོགས་བྱེད་མཁན་བཙུགས་པའི་ཚོགས་པ་དེའི་ཚོགས་གཙོ་(Mike Gallagher)བརྗོད་དོན་ལ། ཨ་རིའི་ནང་ད་ལྟའི་ཆར་དྲྭ་ཐོག་ནས་འཇིགས་སྐུལ་དང་སྤྱི་ཚོགས་དཀྲུག་མཁན་ཉུང་ཉུང་ལྟ་བུ་ཡིན་ཡང་མ་འོངས་པར་ཨ་རིའི་ནང་རྒྱ་ནག་གི་ཤུགས་རྐྱེན་ཆེན་པོ་སླེབ་རྒྱུའི་ཉེན་ཁ་ཡོད་པ་དང་། སྔ་ཕྱི་མ་གཏོགས་དེ་ལས་མང་དུ་འགྲོ་རྒྱུའི་ངེས་པ་རེད་ཅེས་བརྗོད་འདུག འདི་ལོ་གཅིག་པུའི་ནང་ཨ་རིའི་ནང་ཡོད་པའི་རྒྱ་མི་༣༠ རྒྱ་ནག་གཞུང་དང་འབྲེལ་བའི་གནས་ཚུལ་རྫུན་མའི་རིགས་ཁྱབ་སྤེལ་བྱེད་ཀྱི་ཡོད་པའི་གནད་དོན་འོག་ཉེས་ཆད་ཕོག་ཡོད་འདུག
དེ་སྔོན་ཧོང་ཀོང་ནང་དམངས་གཙོའི་ཆེད་དུ་ངོ་རྒོལ་བྱེད་དུས་དྲྭ་ཐོག་ནས་ཧོང་ཀོང་ལ་རྒྱབ་སྐྱོར་བྱེད་མཁན་དག་ལ་ཁ་རྡུང་གཏོང་བ་དང་འཇིགས་སྐུལ་བྱེད་པ་སོགས་བྱེད་ཀྱི་ཡོད་ཀྱང་། ད་ཆར་འཛམ་གླིང་ཐོག་ཨ་རི་ནག་པོ་བཟོ་ཐབས་དང་། ཨ་རིའི་དམངས་གཙོ་དོ་ཕོག་གཏོང་ཐབས། དེ་བཞིན་འཛམ་གླིང་ནང་ཨ་རིའི་ལས་དོན་ཁག་ལ་གནོད་སྐྱོན་གཏོང་ཐབས་བྱེད་ཀྱི་ཡོད་པ་ར་འཕྲོད་བྱུང་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།