ཨ་སྒོར་བཀོལ་སྤྱོད་བྱེད་མཁན་གྱི་རྒྱལ་ཁབ་ཉུང་དུ་འགྲོ་བཞིན་ཡོད་འདུག

ཟླ་འདིའི་ཚེས་༡༦ ཉིན་(moderndiplomacy) ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ད་ལྟའི་ཆར་འཛམ་གླིང་གང་སར་སོ་སོའི་རྒྱལ་ཁབ་ཀྱི་དངུལ་ལོར་བེད་སྤྱོད་བྱས་ནས་དངོས་ཟོག་ཉོ་ཚོང་བྱེད་མཁན་གྱི་རྒྱལ་ཁབ་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། ཨ་སྒོར་བེད་སྤྱོད་བྱས་ནས་དངོས་ཟོག་ཉོ་ཚོང་བྱེད་མཁན་གྱི་རྒྱལ་ཁབ་ཇེ་ཉུང་དུ་འགྲོ་བཞིན་པའི་གནས་ཚུལ་ཐོན་འདུག

ཉེ་བའི་ལོ་ངོ་གཅིག་ལྷག་གི་རིང་ཨུ་རུ་སུས་ཡུག་རེན་ལ་བཙན་འཛུལ་བྱས་པའི་རྐྱེན་གྱིས་ཨ་རིས་ཨུ་རུ་སུ་ལ་དཔལ་འབྱོར་གྱི་ཆད་པ་བཅད་པར་བརྟེན། ད་ལྟའི་ཆར་ཨུ་རུ་སུས་དངོས་ཟོག་ཉོ་ཚོང་བྱེད་དུས་ཨ་སྒོར་བེད་སྤྱོད་གཏོང་ཐུབ་ཀྱི་མེད་པ་ཆགས་ཡོད་འདུག་ལ། ཨུ་རུ་སུ་དང་ལྷན་དུ་ཚོང་འབྲེལ་བྱེད་མཁན་ཞིག་ཡིན་ཚེ་ཨ་སྒོར་མ་ཡིན་པའི་དངུལ་ལོར་གཞན་ཞིག་སྤྱོད་དགོས་པ་ལས་ཐབས་གཞན་མེད་པ་རེད་འདུག རྒྱུ་མཚན་དེ་ཡི་དབང་གིས་འདས་པའི་ཟླ་བ་ཁ་ཤས་ཀྱི་སྔོན་དུ་ཨུ་རུ་སུ་དང་བྷང་ལ་དྷེ་ཤེ་གཉིས་བར་དངོས་ཟོག་ཉོ་ཚོང་བྱེད་དུས་རྒྱ་སྒོར་བེད་སྤྱོད་གཏོང་རྒྱུའི་གསལ་བསྒྲགས་སྤེལ་ཡོད་འདུག དེ་བཞིན་རྒྱ་གར་དང་བྷང་ལ་དྷེ་ཤེ་གཉིས་ཀྱིས་ཕན་ཚུན་དངོས་ཟོག་ཉོ་ཚོང་བྱེད་དུས་ཧིན་སྒོར་བེད་སྤྱོད་གཏོང་རྒྱུའི་གན་རྒྱ་ཡང་བཞག་ཡོད་འདུག་ལ་བདུན་ཕྲག་ཁ་ཤས་ཀྱི་སྔོན་དུ་བྷ་ར་ཛིལ་དང་རྒྱ་ནག་བར་དངོས་ཟོག་ཉོ་ཚོང་བྱེད་དུས་རྒྱ་སྒོར་བེད་སྤྱོད་བྱེད་རྒྱུའི་གསལ་བསྒྲགས་ཀྱང་སྤེལ་ཡོད་འདུག

དེ་དང་མཚུངས་པ་ད་ལྟའི་ཆར་རྒྱལ་ཁབ་ཆུང་འབྲིང་མང་པོས་ཨ་སྒོར་དོར་ནས་སོ་སོའི་རྒྱལ་ཁབ་ཀྱི་དངུལ་ལོར་བེད་སྤྱོད་བྱས་ནས་དངོས་ཟོག་ཉོ་ཚོང་བྱེད་རྒྱུའི་ཕྱོགས་ལ་འབད་བརྩོན་བྱེད་བཞིན་ཡོད་འདུག

འདས་པའི་ལོ་མང་རིང་ཨ་རིའི་འཇམ་པོའི་སྟོབས་ཤུགས་དང་དཔལ་འབྱོར་གྱི་སྟོབས་ཤུགས་ཀྱིས་གོ་གནས་བླ་མེད་བཟུང་ཡོད་པའི་དབང་གིས་ཨ་སྒོར་ནི་རྒྱལ་སྤྱིའི་ཚོང་འབྲེལ་ཐོག་ལ་བེད་སྤྱོད་གཏོང་གི་ཡོད་འདུག སྐབས་དེ་དུས་རྒྱལ་ཁབ་ཁ་ཤས་ཀྱིས་ཨ་སྒོར་དོར་ཏེ་སོ་སོའི་རྒྱལ་ཁབ་ཀྱི་དངུལ་ལོར་བེད་སྤྱོད་བཏང་ནས་ཉོ་ཚོང་བྱས་མྱོང་ཡོད་འདུག་ལ། ཨ་སྒོར་དོར་བའི་ཐབས་ལམ་དེ་ཡང་གཙོ་བོ་ཨ་རི་ལ་ཁ་གཏད་གཅོག་པའི་ཆེད་དུ་ཡིན་འདུག  ཡིན་ན་ཡང་། འདས་པའི་ལོ་ངོ་ཁ་ཤས་ཀྱི་ནང་དུ་ནད་ཡམས་དང་དམག་འཁྲུག་གིས་རྐྱེན་གྱིས་འཛམ་གླིང་ཁྱོན་ཡོངས་ལ་ཨ་སྒོར་གྱི་དཀའ་ངལ་འཕྲད་ཅིང་ཕྱི་དངུུལ་བརྗེ་ལེན་འཕར་ཆག་བྱུང་བའི་དབང་གིས་རྒྱལ་ཁབ་མང་པོས་ཉོ་ཚོང་ལ་ཉེན་ཁ་མི་འཕྲད་པའི་དོན་དུ་ཨ་སྒོར་དོར་ནས་སོ་སོའི་རྒྱལ་ཁབ་ཀྱི་དངུལ་ལོར་བེད་སྤྱོད་བྱེད་ཐབས་ལ་འབད་བཞིན་འདུག་ལ། ས་ཁམས་ཆབ་སྲིད་ཀྱི་འགྲན་རྩོད་དང་ཨ་སྒོར་ལ་བཅོལ་བའི་ཡིད་ཆེས་ཆུང་དུ་ཕྱིན་པའི་དབང་གིས་རྒྱལ་ཁབ་ཁག་གཅིག་གིས་ཨ་སྒོར་འདོར་བཞིན་ཡོད་འདུག

ད་ལྟའི་ཆར་རྒྱལ་ཁབ་༦༠ ཡིས་ཨ་སྒོར་དོར་ནས་སོ་སོའི་རྒྱལ་ཁབ་ཀྱི་དངུལ་ལོར་སྤྱོད་བཞིན་ཉོ་ཚོང་བྱེད་ཀྱིན་འདུག་ལ། རྒྱལ་ཁབ་དེ་དག་ལས་ཁ་ཤས་ནི་འཛམ་གླིང་གི་ལྷོ་ཕྱོགས་སུ་ཡོད་པའི་ཨ་རིའི་ཡུན་རིང་མནའ་མཐུན་རྒྱལ་ཁབ་ཀྱང་ཆགས་ཡོད་འདུག དཔེར་ན། ཉེ་བའི་ཆར་རྒྱ་གར་གྱིས་རྒྱལ་ཁབ་༡༩ དང་མཉམ་དུ་ཧིན་སྒོར་སྤྱད་ནས་དངོས་ཟོག་ཉོ་ཚོང་བྱེད་རྒྱུའི་ཆོད་གན་བཞག་འདུག སོ་དྷི་ཨ་རབ་ཀྱིས་རྡོ་སྣུམ་འཚོང་དུས་རྒྱ་ནག་གི་དངུལ་ལོར་ཁས་ལེན་བྱེད་འགོ་བརྩམས་ཡོད་འདུག དེ་སྔ་ཡིན་ན་དབུས་ཤར་ས་ཁུལ་དུ་ཡོད་པའི་རྒྱལ་ཁབ་བདུན་པོས་(Gulf Nations) ་རྡོ་སྣུམ་གང་བཙོངས་པ་ཐམས་ཅད་ཨ་སྒོར་ཁོ་ན་བླངས་ནས་བཙོང་གི་ཡོད་འདུག ཡིན་ན་ཡང་། ད་ལྟའི་ཆར་རྒྱལ་ཁབ་དེ་དག་གིས་རྒྱལ་ཁབ་གཞན་གྱི་དངུལ་ལོར་དང་ལེན་བྱེད་རྒྱུའི་ཐོག་ལ་བསམ་བློ་གཏོང་བཞིན་ཡོད་འདུག

ཟླ་འདིའི་ཚེས་༡༦ ཉིན་(The Cradle) ཞེས་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་འདིའི་ཚེས་༡༤ ཉིན་ཨི་རག་གཞུང་གིས་སོ་སོའི་རྒྱལ་ཁབ་ཀྱི་དངུལ་ལོར་བཀོལ་སྤྱོད་བྱེད་ཆེད་ཨ་སྒོར་བེད་སྤྱོད་གཏོང་རྒྱུ་བཀག་སྡོམ་བྱས་ཡོད་འདུག་ལ། ཨི་རག་ཏུ་མི་སྒེར་དང་ཚོང་པ་སུ་ཡིན་རུང་ཨི་རག་གི་དངུལ་ལོར་བཀོལ་སྤྱོད་བྱེད་དགོས་པ་དང་། གལ་སྲིད་མི་ཞིག་གིས་རྒྱལ་ཁབ་གཞན་གྱི་དངུལ་ལོར་བཀོལ་སྤྱོད་བྱས་ནས་ཉོ་ཚོང་བྱས་ཚེ་ཁྲིམས་ཐོག་ནས་ཨི་རག་གི་དངུལ་ས་ཡ་གཅིག་གི་ཆད་པ་གཅོད་རྒྱུ་དང་། གལ་སྲིད་མི་ཞིག་གིས་ཁྲིམས་འགལ་མུ་མཐུད་ནས་བྱས་ཚེ། ཁྲིམས་ཐོག་ནས་དངུལ་གྱི་ཆད་པ་ཙམ་མ་ཟད་ལོ་གཅིག་རིང་བཙོན་ཁང་དུ་འཇུག་རྒྱུའི་ཆད་པ་གཅོད་ཆོག་གི་ཡོད་འདུག

ད་བར་རྒྱལ་སྤྱིའི་ཚོང་འབྲེལ་ཐོག་དངུལ་ལོར་བཀོལ་སྤྱོད་ཤུགས་ཆེ་ཤོས་དེ་ཨ་སྒོར་དང་དེ་ནས་ཡུ་སྒོར། དེ་ནས་ཉི་ཧོང་གི་སྒོར་དང་དབྱིན་ཡུལ་གྱི་སྒོར་མོ་སོགས་ཆགས་ཡོད་འདུག་ལ། ད་ལྟའི་ཆར་ཉོ་ཚོང་བྱེད་དུས་རྒྱ་སྒོར་དང་ཧིན་སྒོར་བཀོལ་སྤྱོད་བྱེད་མཁན་ཡང་མང་དུ་འགྲོ་བཞིན་ཡོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།