ཨང་སན་སུ་ཅིས་རུང་གྷེ་ཡ་མངའ་ཁུལ་དུ་སྐོར་བསྐྱོད་བྱས་འདུག
འབར་མའི་འགོ་ཁྲིད་ལྕམ་ཨང་སན་སུ་ཅིས། དྲག་གནོན་དང་མི་གསོད་ཁྲག་སྦྱོར་གྱི་གནས་ཚུལ་ལྷག་ཡུལ་རུང་གྷེ་ཡ་མངའ་ཁུལ་སྐོར་བསྐྱོད་དུ་སླེབས་ཡོད་པ་དང་། མི་མང་ལ་སྐད་ཆ་ཁག་ཅིག་ཀྱང་བཤད་ཡོད་འདུག
ཟླ་༡༡ པའི་ཚེས་༢ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། དེ་སྔོན་ཟླ་༨ པའི་ཚེས་༢༥ ཉིན་འབར་མའི་ནང་ཁ་ཆེ་མི་རིགས་མང་ཤོས་སྡོད་ཡུལ་རུང་གྷི་ཡ་མངའ་ཁུལ་དུ། ཉེན་རྟོག་ཁང་༣༠ ལ་དྲག་སྤྱོད་པས་དྲག་རྒོལ་བྱས་རྐྱེན། དམག་མིས་ཁུལ་དེའི་གྲོང་གསེབ་ཁག་ལ་དྲག་གནོན་དང་མི་གསོད་ཁྲག་སྦྱོར་ཤུགས་ཆེན་བྱས་རྐྱེན། ད་བར་ཁ་ཆེ་མི་རིགས་འབུམ་དྲུག་ལས་མང་བ་ཁྱིམ་མཚེས་རྒྱལ་ཁབ་བྷང་ལ་ཌེ་ཤིར་བྲོས་བྱོལ་དུ་ཕྱིན་ཡོད་འདུག ད་དུང་མུ་མཐུད་ནས་བྲོས་བྱོལ་འགྲོ་ཐབས་བྱེད་མཁན་སྟོང་ཕྲག་མང་པོ་ཡོད་པས། རྒྱལ་སྤྱིའི་ཁྱོན་ཡོངས་ནས་འབར་མའི་འགོ་ཁྲིད་ལྕམ་ཨང་སན་སུ་ཅིའི་གནས་ཚུལ་དེ་ལ་གདོང་ལེན་བྱེད་སྟངས་ཐད་སྐྱོན་བརྗོད་ཆེན་པོ་བྱས་ཡོད་ཁར། མོ་ལ་ཐོབ་པའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཀྱང་ཕྱིར་བསྡུ་བྱེད་དགོས་པར་ཞུ་གཏུག་བྱེད་མཁན་མང་པོ་བྱུང་ཡོད་འདུག
ཐེངས་འདིར་དཀའ་རྙོག་བྱུང་ནས་ཟླ་བ་༢ ལས་བ་མང་བ་སོང་རྗེས། ལྕམ་ཨང་སན་སུ་ཅི་རུང་གྷེ་ཡ་མངའ་ཁུལ་དུ་སྐོར་བསྐྱོད་དུ་སླེབས་ཡོད་འདུག་པ་དང་། སྐབས་དེར་ལམ་བར་དུ་འདུ་འཛོམས་བྱུང་བའི་མི་མང་ཐུག་ནས་སྐད་ཆ་བཤད་ཡོད་འདུག་པ་དང་། མོས་སྐད་ཆ་གནད་དོན་གསུམ་བཤད་ཡོད་འདུག་པ་ལས། ཁོང་ཚོ་ཞི་བའི་ངང་འཚོ་དགོས་པ་དང་ཁོ་ཚོའི་བདེ་སྡུག་ལ་བལྟ་མཁན་འབར་མའི་གཞུང་ཡོད་པ། དེ་བཞིན་ནང་འཁྲུག་རྒྱག་མི་རུང་བ་བཅས་ཡིན་འདུག
སྤྱིར་བཏང་ཁ་ཆེ་རུང་གྷེ་ཡ་མི་རིགས་ལ་དྲག་གནོན་བྱེད་མཁན་དེ་དམག་མི་ཡིན་པ་དང་། མོ་ལ་དམག་གི་སྒྲིག་འཛུགས་ཐོག་ལ་དབང་ཚད་མེད་པས། ད་བར་དཀའ་རྙོག་དེའི་ཐད་དམག་མིའི་བྱེད་སྟངས་ལ་སྐྱོན་བརྗོད་གང་ཡང་བྱས་མེད་པ་རེད་དེ། ཟླ་བ་སྔོན་མ་ནས་མོས་རུང་གྷེ་ཡ་ཁུལ་དུ་གཞིས་ཆགས་བསྐྱར་གསོའི་དང་། བྲོས་བྱོལ་སོང་བའི་ཁ་ཆེ་མི་རིགས་རྣམས་འབར་མར་ཕྱིར་ལོག་གི་ལས་འཆར་འགོ་འཛུགས་བྱས་ཡོད་འདུག ཁྱིམ་མཚེས་རྒྱལ་ཁབ་བྷང་ལ་ཌེ་ཤི་དང་མཉམ་དུ་རུང་གྷེ་ཡ་ཁ་ཆེ་རྣམས་ཕྱིར་ལོག་ཐད་ཀྱི་བརྒྱུད་རིམ་ལ་གྲོས་མཐུན་ངེས་གཏན་ཞིག་བྱུང་ཐུབ་པ་རེད་འདུག དེ་བཞིན་འབར་མར་ཕྱིར་ལོག་བྱེད་པར་རུང་གྷེ་ཡ་ཁ་ཆེ་རྣམས་ཀྱིས། རང་ཉིད་ཁུལ་དེའི་གནས་སྡོད་པ་ཡིན་པ་ར་སྤྲོད་བྱེད་དགོས་ཀྱི་ཡོད་འདུག་པས། ཁོང་ཚོ་མང་པོ་ཞིག་ལ་ངོས་འཛིན་ཡིག་ཆ་གང་ཡང་འབར་མའི་གཞུང་ཐོག་ནས་སྤྲད་མྱོང་མེད་ཁར། བྲོས་བྱོལ་དུ་སོང་བ་མང་པོ་ཞིག་གིས་མོ་ལ་ཡིད་ཆེས་བརླགས་ཟིན་པས། ཕྱིར་ལོག་བྱ་འདོད་མེད་སྐོར་བརྗོད་བཞིན་ཡོད་འདུག
དེ་སྔོན་༧གོང་ས་མཆོག་གཙོས་པའི་ནོ་བྷེལ་ཞི་བདེའི་གཟེངས་བཞེས་མྱོང་མཁན་མང་པོ་ཞིག་གིས། ལྕམ་ཨང་སན་སུ་ཅི་ལ་རུང་གྷེ་ཡ་ཁ་ཆེའི་དཀའ་རྙོག་དེ་སེལ་ཐབས་བྱེད་དགོས་པའི་སྐུལ་མ་བྱས་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།
