ཨབ་གྷ་ནི་སི་ཐན་ནང་སློབ་གྲྭའི་བུ་མོ་༨༠ ཙམ་ཞིག་ལ་དུག་སྤྲད་ཡོད་འདུག
ཨབ་གྷ་ནི་སི་ཐན་ནང་ཁ་ཆེའི་དྲག་སྤྱོད་པ་ཏ་ལི་པང་གིས་གཞུང་བཙན་བཟུང་བྱས་པ་ནས་བཟུང་ཨབ་གྷ་ནི་སི་ཐན་གྱི་བུད་མེད་ཀྱི་ཐོབ་ཐང་ལ་དམིགས་བསལ་དཀའ་ངལ་ཞིག་འཕྲད་བཞིན་ཡོད་པ་དང། ཉེ་ཆར་ཨབ་གྷ་ནི་སི་ཐན་ནང་གཞི་རིམ་སློབ་གྲྭའི་བུ་མོ་༨༠ ཙམ་ཞིག་ལ་དུག་སྤྲད་ནས་ད་ལྟ་སྨན་ཁང་ནང་ཡོད་འདུག

ཕྱི་ཟླ་༦ ཚེས་༥ ཉིན་རྒྱ་གར་(Wion) གསར་ཁང་གིས་གནས་ཚུལ་ལ་ལྟར་ན། ཉེ་ཆར་ཏ་ལི་པང་དྲག་སྤྱོད་པས་ཨབ་གྷ་ནི་སི་ཐན་ནང་ཡོད་པའི་གཞི་རིམ་སློབ་གྲྭ་གཉིས་ཀྱི་བུ་མོ་ཁྱོན་༨༠ ལ་དུག་སྤྲད་ཡོད་པ་དང། དོན་རྐྱེན་དེ་ཕྱི་ཚེས་༤ ཉིན་བྱུང་ཡོད་འདུག གཞི་རིམ་སློབ་གྲྭ་དེ་དག་ནི་ཨབ་གྷ་ནི་སི་ཐན་གྱི་བྱང་ཕྱོགས་ས་ཆ་སི་ཨི་པོལ་(Sa-e-Pul)་མངའ་སྡེའི་ནང་ཡིན་ཞིང་། མངའ་སྡེ་དེའི་ཤེས་རིག་འགན་འཛིན་མོ་ཧམ་མ་ཌི་རག་ཧིན་མེ་ཡིས་(Mahammad Rahmani)བརྗོད་དོན་ལ། ད་བར་ཁྱོན་སློབ་ཕྲུག་བུ་མོ་༨༠ ལ་དུག་སྤྲད་འདུག་པ་དང་། བུ་མོ་༦༠ (Naswan-e-Failzabad)ཟེར་བའི་སློབ་གྲྭ་ནས་ཡིན་པ་དང། བུ་མོ་༡༧ (Naswan-e-Faizabad) ཟེར་བའི་སློབ་གྲྭ་ནས་ཡིན་པར་བརྗོད་འདུག མ་ཟད་སློབ་གྲྭ་དེ་གཉིས་བར་ཐག་ཉེ་བོ་ཡིན་པས། དུག་སྤྲོད་མཁན་གྱི་མི་དེ་ཡིས་སློབ་གྲྭ་གཅིག་ནང་དུག་སྤྲད་རྗེས་སློབ་གྲྭ་གཞན་དེའི་ནང་སྤྲད་པ་དང་། དུག་སྤྲོད་མཁན་གྱི་མི་སུ་ཡིན་མིན་དང་གང་འདྲ་བྱས་ནས་སྤྲད་ཡོད་མིན་སོགས་ཀྱི་གནས་ཚུལ་ད་ལྟ་ཁོང་གིས་ཤེས་རྟོགས་མེད་པས་ཞིབ་དཔྱོད་བྱེད་བཞིན་ཡོད་ཅེས་བརྗོད་འདུག
མུ་མཐུད་ཁོང་གིས་བརྗོད་དོན་ལ་ང་ཚོས་སློབ་ཕྲུག་དུག་ཕོག་མཁན་རྣམས་སྨན་ཁང་དུ་བསྐྱལ་ཟིན་པ་དང། ད་ལྟ་ཁོང་ཚོ་ཉེན་ཁ་མེད་ཚུལ་གསུངས་འདུག དུག་ཕོག་མཁན་སློབ་ཕྲུག་བུ་མོ་དག་ནི་ལོ་གཅིག་ནས་དྲུག་བར་གྱི་སློབ་མ་ཡིན་འདུག
ཕྱི་ལོ་༢༠༢༡ཟླ་བ ༨ ནང་ཏ་ལི་པང་དྲག་སྤྱོད་པས་ཨབ་གྷ་ནི་སི་ཐན་གྱི་གཞུང་བཙན་བཟུང་བྱས་པ་ནས་བཟུང་ཨབ་གྷ་ནི་སི་ཐན་ནང་གི་བུད་མེད་ཀྱི་ཐོབ་ཐང་སྡུག་ཏུ་ཕྱིན་ནས་བུད་མེད་རྣམས་སློབ་གྲྭའི་འཛིན་གྲྭ་དྲུག་པ་ལས་མཐོ་སློབ་དང་མཐོ་འབྲིང་སོགས་འགྲོ་མི་ཆོག་པ་དང། སྤྱི་ཚོགས་ཁྲོད་མིང་གྲགས་ཆེ་བའི་ལས་གནས་ཁྲོད་ནས་གྲོས་ཚོགས་འཐུས་མི། གཞུང་ཞབས་པ། སྨན་པ། ཁྲིམས་རྩོད་པ། སྒྱུ་རྩལ་བ་སོགས་བྱེད་མི་ཆོག་པ་བཀག་སྡོམ་བྱས་ཡོད་འདུག དེ་བཞིན་བུད་མེད་རྣམས་དམིགས་བསལ་གྱོན་གོས་འདྲ་མིན་གྱོན་མི་ཆོག་པ་དང། གྱོན་གོས་ཐད་ཁྲིམས་གཏན་འབེབས་བྱས་ནས་བཀག་སྡོམ་ཆེན་པོ་བྱེད་བཞིན་ཡོད་འདུག གལ་སྲིད་བུད་མེད་ཅིག་ཕྱི་རུ་འགྲོ་དགོས་བྱུང་ན་སྐྱེས་པ་ཞིག་མེད་ཚེ་སྤྱི་ལེ་༧༥ བརྒལ་ནས་འགྲོ་མི་ཆོག་པ་དང་། ད་ཆར་བུད་མེད་མང་པོ་ཞིག་རང་ཁྱིམ་ནང་བཙན་བཀག་བྱེད་ཀྱི་ཡོད་འདུག
ཏ་ལི་པང་དྲག་སྤྱོད་པས་ཨབ་གྷ་ནི་སི་ཐན་ནང་བཙན་འཛུལ་མ་བྱས་གོང་ཨབ་གྷ་ནི་སི་ཐན་ནང་གི་བུད་མེད་ཀྱི་གནས་སྟངས་སྔར་ལས་ཡར་རྒྱས་ཆེན་པོ་ཕྱིན་ཡོད་པ་དང། ལོ་རྟག་པར་འཛམ་གླིང་བུད་མེད་ཀྱི་ཉིན་མོ་སྲུང་བརྩི་ཞུ་ཡི་ཡོད་ཅིང་། བུད་མེད་མང་པོ་ཞིག་ལས་གནས་འདྲ་མིན་དང་མཐོ་སློབ་འདྲ་མིན། སྤྱི་ཚོགས་ནང་བུད་མེད་ཀྱི་ཐོབ་ཐང་ཐད་ཤུགས་སྣོན་རྒྱག་མཁན་མང་པོ་ཞིག་ཡོད་པ་དང་། འདས་པའི་མི་ལོ་༢༠ རིང་བུད་མེད་ཀྱི་ཐོབ་ཐང་ཡར་རྒྱས་ཆེན་པོ་ཕྱིན་ཡོད་ཀྱང། ད་ཆར་ཏ་ལི་པང་གིས་གཞུང་བཙན་བཟུང་བྱས་པ་ནས་ཡོད་ཚད་ནག་བསུབ་བྱས་ཡོད་པར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བརྗོད་འདུག །
གསར་འགོད་པ། བསོད་ནམས་ཕུན་ཚོགས།
