ཨབ་གྷ་ནི་སེ་ཐན་ནང་དུ་ཏ་ལི་བྷན་ལ་རྒྱལ་ཁ་ཐོབ་བཞིན་འདུག
ཨ་རི་གཙོས་པའི་མཐུན་ཕྱོགས་རྒྱལ་ཁབ་ཁག་གི་དམག་མི་རྣམས་ལོ་ངོ་༢༠ ཡི་རྗེས་སུ་ཨབ་གྷ་ནི་སེ་ཐན་ནས་ཕྱིར་འཐེན་བྱེད་བཞིན་པ་དང་བསྟུན། རྒྱལ་ཁབ་དེའི་གྱེན་ལངས་དྲག་སྤྱོད་རུ་ཁག་ཏ་ལི་བྷན་གྱིས་དམག་འཐབ་དཔྱད་ཞིབ་པ་མང་པོ་ཞིག་གིས་ཚོད་དཔག་ལས་བརྒལ་ནས། གལ་གནད་ཆེ་བའི་གྲོང་ཁྱེར་ཆེ་ཁག་མང་པོ་ཞིག་དུས་ཡུན་ཐུང་ཐུང་ནང་བཙན་བཟུང་བྱས་ནས་རྒྱལ་ཁ་ཆེན་པོ་ཐོབ་བཞིན་འདུག གཞུང་དམག་དང་དྲག་སྤྱོད་རུ་ཁག་བར་གྱི་དམག་འཁྲུག་ཁྲོད། མི་མང་དཀྱུས་མ་མང་པོའི་ཚེ་སྲོག་ཤོར་བཞིན་ཡོད་ཁར། སྐྱབས་བཅོལ་བ་ཡང་མང་དུ་འགྲོ་བཞིན་འདུག
ཟླ་༨ པའི་ཚེས་༡༣ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཉེ་ཆར་ཨབ་གྷ་ནི་སེ་ཐན་གྱི་ཁ་ཆེའི་ལྟ་བ་མཁྲེགས་འཛིན་ཅན་གྱི་དྲག་སྤྱོད་རུ་ཁག་ཏ་ལི་བྷན་གྱིས། རྒྱལ་ཁབ་དེའི་གྲོང་ཁྱེར་ཆེ་ཤོས་གཉིས་པ་ཀན་ཌ་ཧར་དང་། གྲོང་ཁྱེར་ཆེ་ཤོས་གསུམ་པ་ཧཱེ་ར་ཌ། དེ་བཞིན་གྲོང་ཁྱེར་ཆེ་ཁག་ཁ་ཤས་དམག་འཐབ་ཁྲོད་བཙན་བཟུང་བྱས་ཡོད་འདུག་པ་དང་། གཞུང་དམག་རྣམས་བྲོས་བྱོལ་འགྲོ་དགོས་བྱུང་འདུག དེ་བཞིན་གཞུང་དམག་མགོ་བཏགས་པ་མང་པོ་ཞིག་དྲག་སྤྱོད་རུ་ཁག་དེས་སྲོག་ཐོག་གཏོང་གི་ཡོད་པའི་གནས་ཚུལ་ཡང་ཐོན་བཞིན་འདུག
ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌན་གྱིས་ཟླ་༨ པའི་ཟླ་མཇུག་ཏུ་ཨབ་གྷ་ནི་སེ་ཐན་ནང་དུ་ཨ་རིའི་དམག་མི་ཚང་མ་ཕྱིར་འཐེན་བྱས་ཟིན་དགོས་པའི་བཀའ་རྒྱ་བཏང་ཟིན་པ་ལྟར། ད་ལྟའི་ཆར་དམག་མི་བརྒྱ་ཆ་༩༥ ཨབ་གྷན་ནས་ཕྱིར་འཐེན་བྱས་ཟིན་ཡོད་འདུག ཨ་རི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་དམག་མི་རྣམས་ཨབ་གྷན་ནས་ཕྱིར་འཐེན་བྱེད་བཞིན་པ་དང་བསྟུན། རྒྱལ་ཁབ་དེའི་གྱེན་ལངས་དྲག་སྤྱོད་རུ་ཁག་ཏ་ལི་བྷན་གྱིས་དྲག་པོའི་ཐོག་ནས་ས་ཆ་མང་པོ་ཞིག་བཙན་བཟུང་བྱེད་བཞིན་ཡོད་པས། གཞུང་དམག་དང་དེར་རྒྱབ་སྐྱོར་བྱེད་མཁན་མི་མང་དང་བླངས་དམག་མི་གཉིས་ཀྱིས། ཏ་ལི་བྷན་དྲག་སྤྱོད་རུ་ཁག་དང་དམག་འཁྲུག་བྱེད་བཞིན་ཡོད་པ་རེད། ཨ་རིའི་དམག་མིས་ཨབ་གྷན་གཞུང་ལ་རྒྱབ་སྐྱོར་ཆེད་དུ། གནམ་ཐོག་ནས་དྲག་སྤྱོད་པ་དེ་དག་ལ་དྲག་རྒོལ་བྱེད་བཞིན་ཡོད་འདུག་ཀྱང་། ཟླ་༨ པ་མཇུག་བསྒྲིལ་རྗེས་མུ་མཐུད་ནས་གནམ་ཐོག་ནས་རྒྱབ་སྐྱོར་བྱེད་རྒྱུ་ཡིན་མིན་ཐོག་ལན་འདེབས་གང་ཡང་བྱས་མེད་པ་རེད། འོན་ཀྱང་ད་ལྟའི་ཆར་ཏ་ལི་བྷན་གྱི་དྲག་དམག་རྣམས་ལ་རྒྱལ་ཁ་ཆེན་པོ་ཐོབ་བཞིན་ཡོད་པས། ཨ་རི་དང་དབྱིན་ཡུལ་སོགས་ཀྱིས་དམག་མི་སྣོན་པ་བཏང་ནས། སོ་སོའི་གཞུང་ཚབ་ལས་བྱེད་རྣམས་ཉེན་གཡོལ་ཆེད་དུ་ཕྱིར་སོ་སོའི་རྒྱལ་ཁབ་ཏུ་ཕྱིར་ལོག་བྱེད་རྒྱུར་མཐུན་སྦྱོར་བྱེད་འཆར་འདུག
ད་ལྟའི་ཆར་དྲག་སྤྱོད་རུ་ཁག་ཏ་ལི་བྷན་གྱིས་ཨབ་གྷན་བྱང་ཕྱོགས་མངའ་ཁུལ་ཕལ་ཆེ་བ་ཞིག་བཙན་བཟུང་བྱས་ཟིན་པ་དང་། མངའ་སྡེ་ཁག་གི་རྒྱལ་ས་གསུམ་ཆ་གཅིག་བཙན་བཟུང་བྱས་ཟིན་འདུག དམག་འཐབ་དང་ཚོང་འབྲེལ་ཐོག་གལ་གནད་ཆེ་བའི་གྲོང་ཁྱེར་ཀན་ཌ་ཧར་བཙན་བཟུང་བྱས་ཟིན་པས། ཏ་ལི་བྷན་གྱིས་རྒྱལ་ས་ཀ་བྷུལ་བཙན་བཟུང་ཆེད་དུ་དམག་འཐབ་བྱེད་སྲིད་པའི་སེམས་འཚབ་བྱེད་མཁན་མང་པོ་ཡོད་འདུག་པ་དང་། རྒྱལ་ས་ཀ་བྷུལ་ལ་ས་གནས་གཞན་ནས་དམག་གི་འཇིགས་སྣང་དང་ཉེན་ཁ་ལས་གཡོལ་ཆེད་དུ་སྐྱབས་བཅོལ་དུ་ཡོང་མཁན་མི་མང་སྟོང་ཕྲག་མང་པོ་ཡོད་འདུག དེའི་ཁྲོད་མང་པོ་ཞིག་ལ་ལྟོ་གོས་ཀྱི་དཀའ་ངལ་ཆེན་པོ་འཕྲད་བཞིན་འདུག
མཉམ་འབྲེལ་རྒྱལ་ཁབ་ཀྱིས་བརྗོད་དོན་ལ་གཞིགས་ན། ད་ལྟ་བར་དུ་མི་མང་༡༠༠༠ ལས་མང་བ་དམག་འཁྲུག་ཁྲོད་བསད་ཡོད་འདུག དེ་བཞིན་རྒྱལ་སྤྱིའི་བྱིས་སྐྱོབ་ཚོགས་པས་བརྗོད་པར་གཞིགས་ན། འདས་པའི་ཉིན་ཤས་རིང་རྒྱལ་ས་ཀ་བྷུལ་ལ་བྱིས་པ་༧༢༠༠༠ ས་གནས་གཞན་ནས་ཉེན་གཡོལ་དུ་སླེབས་ཡོད་པ་དང་མང་པོ་ཞིག་ལམ་ཟུར་དུ་ཉལ་བཞིན་ཡོད་པ་རེད།
འཇར་མན་རྒྱལ་ཁབ་ཀྱིས་གལ་ཏེ་ཏ་ལི་བྷན་གྱིས་ཨབ་གྷན་གཞུང་བཙན་བཟུང་བྱས་ཚེ། ལོ་རེར་ཨ་སྒོར་ས་ཡ་༥༠༠ ཡི་དཔལ་འབྱོར་རོགས་སྐྱོར་སྤྲོད་བཞིན་པ་དེ་ཕྱིར་འཐེན་བྱེད་རྒྱུའི་སྡིགས་བསྐུལ་བྱས་འདུག་པ་དང་། དེ་བཞིན་རྒྱལ་ཁབ་དེའི་ནང་སྐྱབས་བཅོལ་གྱི་ཡིག་ཆ་མ་ཐོབ་པའི་ཨབ་གྷན་མི་སེར་རྣམས་ཕྱིར་སློག་གཏོང་རྒྱུ་གནས་སྐབས་རིང་ཕྱིར་འཐེན་བྱས་འདུག་པ་དང་། ཧྥ་རན་སི་དང་ཌན་མག་གཞུང་གིས་ཀྱང་དེ་ལྟར་བྱེད་རྒྱུ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།