ཨར་ལན་ཌེའི་མི་མང་གིས་མངལ་དབྱུང་གི་ཁྲིམས་བསྐྱར་བཅོས་གཏོང་བར་རྒྱབ་སྐྱོར་བྱས་འདུག
ཨར་ལན་ཌེའི་མི་མང་གིས་རྒྱལ་ཁབ་དེའི་རྩ་ཁྲིམས་ནང་ཡོད་པའི་མངལ་དབྱུང་གི་དོན་ཚན་དེ། བསྐྱར་བཅོས་གཏོང་དགོས་མིན་ཐད་ཀྱི་ཐད་ལ། མང་མོས་འོས་བསྡུ་ཐག་གཅོད་བྱས་ཏེ་གྲུབ་དོན་དུ། རྩ་ཁྲིམས་ཀྱི་དོན་ཚན་དེ་བསྐྱར་བཅོས་གཏོང་དགོས་པའི་རྒྱབ་སྐྱོར་ཆེན་པོ་ཐོབ་འདུག
ཟླ་༥ པའི་ཚེས་༢༨ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཕྱི་ལོ་༡༩༨༣ ལོར་ཨར་ལན་ཌེ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་དུ་ཨ་མའི་ཁོག་པའི་ནང་ཡོད་པའི་ཕྲུ་གུ་ཞིག་ལ། ཨ་མ་དང་གཅིག་མཚུངས་ཀྱི་གསོན་པོར་འཚོ་བའི་ཐོབ་ཐང་ཡོད་པས། མངལ་ཆགས་པ་དེ་ཨ་མའི་ཚེ་སྲོག་ལ་ཉེན་ཁ་ཡོད་ན་མ་གཏོགས་མངལ་དབྱུང་མི་ཆོག་པ་བཟོས་ཡོད་འདུག་པ་དང་། རྒྱུ་མཚན་དེ་ལ་བརྟེན་ནས་རྒྱལ་ཁབ་དེའི་བུད་མེད་མང་པོ་ཞིག་མངལ་དབྱུང་ཆེད་དབྱིན་ཡུལ་དུ་འགྲོ་དགོས་པ་ཆགས་ཀྱི་ཡོད་ཁར། མངལ་འགོག་གི་སྨན་རྣམས་ཕྱིའི་རྒྱལ་ཁབ་ཁག་ནས་ཉོ་དགོས་ཀྱི་ཡོད་འདུག འོན་ཀྱང་ཟླ་༥ པའི་ཚེས་༢༦ ཉིན་རྩ་ཁྲིམས་ནང་གི་མངལ་དབྱུང་གི་དོན་ཚན་དེ་བསྐྱར་བཅོས་གཏོང་དགོས་མིན་ཐད། མང་མོས་འོས་བསྡུ་བྱས་ཡོད་པ་དང་། དེའི་ཆེད་དུ་ཕྱིའི་རྒྱལ་ཁབ་ཁག་ལ་ལས་ཀ་བྱེད་བཞིན་པའི་ཨར་ལན་ཌེའི་མི་མང་མང་པོ་ཞིག་ཕྱིར་ལོག་གིས་འོས་བསྡུར་མཉམ་ཞུགས་བྱས་ནས། མཐའ་མའི་གྲུབ་དོན་དུ་རྩ་ཁྲིམས་ཀྱི་དོན་ཚན་དེ་བསྐྱར་བཅོས་བྱེད་པར་རྒྱབ་སྐྱོར་བྱེད་མཁན་བརྒྱ་ཆ་༦༦.༤ དང་དགག་བྱ་བྱེད་མཁན་བརྒྱ་ཅ་༣༣.༦ ཐོན་ནས། བསྐྱར་བཅོས་བྱེད་དགོས་པའི་བསམ་འཆར་ལ་རྒྱལ་ཁ་ཆེན་པོ་ཐོབ་ནས། དགའ་བསུ་དང་སྤྲོ་སྐྱིད་གཏོང་མཁན་མང་པོ་ཡོད་འདུག
མི་མང་པོ་ཞིག་གིས་རྩ་ཁྲིམས་ཀྱི་དོན་ཚན་བཅོས་བསྒྱུར་བྱས་རྗེས་ཀྱི་ཁྲིམས་གསར་དེའི་མིང་ལ། རྒྱ་གར་གྱི་བུད་མེད་སཱ་ཝི་ཏའི་མིང་བཏགས་དགོས་སྐོར་བརྗོད་ཀྱི་ཡོད་འདུག དེ་ཡང་ཕྱི་ལོ་༢༠༡༢ ལོར་རྒྱ་གར་བུད་མེད་དེ་ཨར་ལན་ཌེར་གནས་སྡོད་བྱེད་བཞིན་པའི་སྐབས་སུ་མངལ་ཤོར་བྱུང་སྐབས། སྨན་ཁང་ལ་མངལ་དབྱུང་བྱེད་པའི་རེ་སྐུལ་བྱས་ཀྱང་། སྦྲུམ་སྲིང་ལ་སྙིང་གི་འཕར་ལྡིང་ཡོད་སྐོར་བརྗོད་ནས་ངོས་ལེན་མ་བྱས་སྟབས། རྗེས་སུ་སྨན་ཁང་ནང་དུ་ཚེ་སྲོག་ཤོར་ནས་གནད་དོན་དེ་རྒྱལ་ཁབ་དེའི་ནང་གླེང་སློང་ཤུགས་ཆེན་བྱུང་པ་དང་། མངལ་དབྱུང་གི་ཁྲིམས་དེ་བསྐྱར་བཅོས་བྱེད་པར་རྒྱབ་སྐྱོར་བྱེད་མཁན་གྱི་ལས་འགུལ་ཤུགས་ཆེ་རུ་ཕྱིན་ཡོད་འདུག
རྗེས་སུ་ཕྱི་ལོ་༢༠༡༨ ལོའི་ཟླ་༣ པའི་ཚེས་༩ ཉིན་འཛིན་སྐྱོང་གིས་མངལ་དབྱུང་དང་འབྲེལ་བའི་རྩ་ཁྲིམས་ཀྱི་དོན་ཚན་དེ་བཅོས་བསྒྱུར་གཏོང་བའི་ཁྲིམས་འཆར་ཞིག་གྲོས་ཚོགས་ནང་བཏོན་ནས། གྲོས་ཚོགས་གོང་འོག་གཉིས་ནང་གླེང་སློང་བྱུང་ཡོད་པ་དང་། མཐའ་མའི་ཐག་གཅོད་དུ་མང་མོས་འོས་བསྡུ་ཐག་གཅོད་བྱེད་རྒྱུ་བྱས་ཡོད་པ་རེད་འདུག
ཁྲིམས་འཆར་དེའི་ནང་མངལ་ཆགས་ནས་བདུན་ཕྲག་༡༢ ནང་ཚུད་དུ་མངལ་དབྱུང་བྱེད་ཆོག་པ་དང་། དེ་བཞིན་དམིགས་བསལ་གནས་སྟངས་འོག་མངལ་ཆགས་ནས་བདུན་ཕྲག་༢༤ མ་སོང་བར་མངལ་དབྱུང་བྱེད་ཆོག་པའི་བསམ་འཆར་བཏོན་ཡོད་འདུག ཟླ་༥ པའི་ཚེས་༢༩ ཉིན་ཨར་ལན་ཌེའི་འཕྲོད་བསྟེན་བློན་ཆེན་གྱིས་བློན་ཆེན་ལྷན་ཁང་གིས་ཁྲིམས་འཆར་དེར་རྒྱབ་སྐྱོར་བླངས་རྒྱུ་ཡིན་འདུག ཁྲིམས་འཆར་དེར་སྲིད་འཛིན་གྱིས་མིང་རྟགས་བཀོད་རྗེས་ཁྲིམས་སུ་གཏན་འབེབས་བྱ་རྒྱུ་ཡིན་འདུག་པས། སྲིད་བློན་ཝཱ་རཱ་ཌར་གྱིས་ལོ་མཇུག་ཏུ་ཁྲིམས་གསར་པ་གཏན་འབེབས་ཡོང་རྒྱུ་ཡིན་སྐོར་བརྗོད་འདུག
ཨར་ལན་ཌེ་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་མང་གིས་མངལ་དབྱུང་གི་ཁྲིམས་ཡང་དུ་གཏོང་དགོས་པར་རྒྱབ་སྐྱོར་བྱས་པའི་ཤུགས་རྐྱེན་ལ་བརྟེན་ནས། དབྱིན་ཡུལ་གྱི་འོག་ཏུ་ཡོད་པའི་ཁྱིམ་མཚེས་བྱང་ཨར་ལན་ཌེ་ནང་དུ་ཡང་མངལ་དབྱུང་གི་ཁྲིམས་བསྐྱར་བཅོས་བྱེད་དགོས་པའི་གནོན་ཤུགས་སླེབས་བཞིན་ཡོད་འདུག
ཁྲིམས་བསྐྱར་བཅོས་ལ་རྒྱབ་སྐྱོར་བྱེད་མཁན་རྣམས་ཀྱིས་གྲུབ་དོན་དེར་དགའ་བསུ་ཆེན་པོ་བྱེད་བཞིན་ཡོད་འདུག་ཀྱང་། མངལ་དབྱུང་ལ་དགག་བྱ་བྱེད་མཁན་ཚོགས་པ་ཚོས་གྲུབ་དོན་དེ་ནི་ལོ་རྒྱུས་ཀྱི་ནག་ཐིག་ཅིག་ཡིན་སྐོར་བརྗོད་ཡོད་འདུག་པ་དང་། དེའི་ཁོངས་ནས་ཚོགས་པ་ཞིག་གིས་རྒྱལ་ཁབ་དེའི་ནང་མངལ་དབྱུང་གི་སྨན་ཁང་དངོས་སུ་སྒོ་འབྱེད་བྱེད་སྐབས། དེའི་ཕྱི་ལོགས་སུ་ངོ་རྒོལ་ལས་འགུལ་སྤེལ་རྒྱུ་ཡིན་སྐོར་བསྒྲགས་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།
