ཨི་ཊ་ལི་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ཟེར་བའི་ལས་གཞི་ནས་ཕྱིར་འཐེན་བྱས།
ཟླ་འདིའི་ཚེས་༧ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཨི་ཊ་ལིིའི་རྒྱལ་ཁབ་དེ་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ཅེས་པའི་འཛུགས་བསྐྲུན་ལས་གཞིའི་ནང་མཉམ་ཞུགས་བྱས་ནས་ལོ་ངོ་བཞི་སོང་བའི་རྗེས། ལས་གཞི་དེའི་ནང་ནས་ཕྱིེར་འཐེན་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

འདས་པའི་ཟླ་བ་མང་པོའི་རིང་། ཨི་ཊ་ལིིའི་ནང་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ཅེས་པའི་ལས་གཞིའི་ནང་མུ་མཐུད་མཉམ་ཞུགས་བྱེད་དགོས་མིན་ཐོག་བགྲོ་གླེང་རིམ་པ་བྱས་རྗེས། ཉེ་བའི་ཆར་ཨི་ཊ་ལི་གཞུང་གིས་ལས་གཞི་དེ་ནས་ཕྱིར་འཐེན་བྱ་རྒྱུ་ཐག་གཅོད་བྱས་ཡོད་འདུག
ཕྱི་ལོ་༢༠༡༩ ལོར་ཨི་ཊ་ལིའི་གཞུང་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ཅེས་པའི་ལས་གཞི་ནང་ཐོག་མར་མཉམ་ཞུགས་བྱས་ཤིང་། འཛམ་གླིང་ཐོག་སྟོབས་ཆེན་རྒྱལ་ཁབ་བདུན་(G7) ་གྱི་ཁྲོད་ནས་རྒྱ་ནག་གི་རྒྱུད་ཅིག་ལམ་གཅིག་ཅེས་པའི་ལས་གཞིའི་ནང་ཞུགས་མཁན་རྒྱལ་ཁབ་ཐོག་མ་དེ་ཆགས་ཡོད་འདུག
ལས་གཞི་དེའི་ནང་ཞུགས་ནས་ད་བར་ལོ་ངོ་བཞི་ཕྱིན་ཡོད་པ་དང་། གལ་སྲིད་ཨི་ཊ་ལིའི་གཞུང་གིས་ལོ་འདིའི་ཕྱི་ཟླ་༡༢ ནང་རྒྱ་ནག་ལ་གན་རྒྱ་ནས་ཕྱིར་འཐེན་བྱ་རྒྱུའི་ཡ་ལན་མ་བྱས་ཚེ། ཕྱི་ལོ་༢༠༢༤ ལོ་རང་བཞིན་གྱིས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ཅེས་པའི་ལས་གཞིའི་ནང་མཉམ་ཞུགས་བྱས་པ་ཆགས་འགྲོ་ཡི་ཡོད་པར་བརྟེན། ཨི་ཊ་ལི་གཞུང་གིས་རྒྱ་ནག་ལ་ལས་གཞི་དེ་ནས་ཕྱིར་འཐེན་བྱ་རྒྱུའི་བརྡ་ལན་སྤྲད་ཡོད་པ་རེད་འདུག
ལོ་འདིའི་ཕྱི་ཟླ་༨ པའི་ནང་། ཨི་ཊ་ལིའི་བདེ་སྲུང་བློན་ཆེན་གྱིས་ལོ་ངོ་བཞིའི་ཡར་སྔོན་ཏེ། ཨི་ཊ་ལིིའི་གཞུང་འཛིན་སྔོན་མའི་དུས་སུ་ཨི་ཊ་ལིའི་གཞུང་གིས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ལས་གཞིའི་ནང་མཉམ་ཞུགས་བྱ་རྒྱུའི་ཐག་གཅོད་བྱས་ཡོད་པ་དང་། སྐབས་དེར་མཉམ་ཞུགས་བྱ་རྒྱུའི་ཐག་གཅོད་དེ་ནི་གྲ་སྒྲིག་མེད་པར་ལམ་སང་ཐག་གཅོད་བྱས་པ་ཞིག་ཡིན་པ་དང་། ཐག་གཅོད་དེ་ནི་དྲག་རྩུབ་ཅན་ནམ་ཚབས་ཆེན་གྱི་ཐག་གཅོད་གཅིག་རེད་ཅེས་བརྗོད་ཡོད་པ་མ་ཟད། རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ནང་ཞུགས་པས་རྒྱ་གཞུང་གིས་ཨི་ཊ་ལིའི་ནང་དུ་དངོས་ཟོག་ཕོན་ཆེན་ཕྱིར་ཚོང་བྱེད་ཐུབ་ཀྱང་། ཨི་ཊ་ལིའི་གཞུང་གིས་རྒྱ་ནག་ཏུ་དངོས་ཟོག་ཕྱིར་ཚོང་ལ་ཡར་རྒྱས་ཆེན་པོ་ཕྱིན་མེད་པ་རེད་ཅེས་བརྗོད་འདུག
རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་འགོ་འཛུགས་བྱས་པའི་རྒྱུད་གཅིག་ལམ་གཅིག་ཅེས་པའི་ལས་གཞིའི་འོག་འཛམ་གླིང་གང་སར་གཞུང་ལམ་དང་གནམ་ཐང་། གློག་ཁང་སོགས་འཛུགས་བསྐྲུན་བྱས་ནས་རྒྱ་གཞུང་གིས་ཨ་ཧྥི་རི་ཁ་དང་ཨེ་ཤེ་ཡ། ལེ་ཊིན་ཨ་མེ་རི་ཀ་དང་དབུས་ཤར་རྒྱལ་ཁབ་ཚོ་དང་འབྲེལ་ལམ་ཟབ་ཏུ་གཏོང་བཞིན་ཡོད་ཀྱང་། ལས་གཞི་དེ་དག་གི་དབང་གིས་རྒྱ་ནག་ནས་དངུལ་ཕོན་ཆེན་གཡར་བས་རྒྱལ་ཁབ་མང་པོ་ཞིག་རྒྱ་ནག་གི་བུ་ལོན་ནང་ཐིམ་ཡོད་པ་མ་ཟད། ལས་གཞི་ཁག་ཅིག་གི་སྟངས་འཛིན་རྒྱ་ནག་གི་ལག་ཏུ་ཤོར་ཡོད་པའི་གནས་ཚུལ་ཡང་བྱུང་ཡོད་འདུག
རྒྱ་གར་དང་ཨ་རི་སོགས་རྒྱལ་ཁབ་ཁག་ཅིག་གིས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ཅེས་པའི་ལས་གཞི་ལ་སྐྱོན་བརྗོད་བྱས་ཡོད་ཀྱང་། རྒྱ་གར་གྱི་(WION) ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཡུ་རོབ་དང་དབུས་ཨེ་ཤེ་ཡ་ནས་རྒྱལ་ཁབ་༣༥ ། ལྷོ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཁུལ་གྱི་རྒྱལ་ཁབ་༢༥ དང་བྱང་ཨ་ཧྥི་རི་ཀ་དང་ནུབ་ཨེ་ཤེ་ཡ་ནས་རྒྱལ་ཁབ་༡༨ སོགས་འདས་པའི་ལོ་ངོ་བཅུའི་རིང་འཛམ་གླིང་ཁྱོན་ཡོངས་ལ་རྒྱལ་ཁབ་༡༤༨ རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ཅེས་པའི་ལས་གཞིའི་ནང་མཉམ་ཞུགས་བྱས་ཡོད་འདུག ཡིན་ན་ཡང་། ད་ལྟའི་ཆར་རྒྱལ་ཁབ་མང་པོ་ལ་དཀའ་ངལ་འཕྲད་བཞིན་ཡོད་པ་དང་ལྷག་པར་དུ་ཨི་ཊ་ལི་ལས་གཞི་དེ་ནས་ཕྱིར་འཐེན་བྱས་ཟིན་པའི་གནས་ཚུལ་སྤེལ་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།