ཨི་ཛེ་རིལ་མི་མང་སྟོང་ཕྲག་མང་པོས་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་འདུག
ཨི་ཛེ་རིལ་གྱི་སྲིད་བློན་ནཱི་ཐན་ཡཱ་ཧུའི་སྲིད་གཞུང་གིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དབང་ཚད་ཆུང་དུ་གཏོང་བ་དང་། གྲོས་ཚོགས་ཀྱི་དབང་ཚད་ཆེ་རུ་གཏོང་རྒྱུའི་འཆར་གཞི་བཏོན་པ་དང་འབྲེལ་ནས། མི་མང་སྟོང་ཕྲག་མང་པོས་འཆར་གཞི་དེར་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེན་སྤེལ་ཡོད་པ་རེད་འདུག
ཟླ་༡ པོའི་ཚེས་༡༦ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཉེ་ཆར་ཨི་ཛེ་རིལ་སྲིད་གཞུང་གི་ཁྲིམས་ཀྱི་བློན་ཆེན་གྱིས་རྒྱལ་ཁབ་ཀྱི་ཁྲིམས་ཞིབ་ལམ་ལུགས་ལ་འགྱུར་བ་ཤུགས་ཆེན་ཞིག་གཏོང་རྒྱུའི་འཆར་གཞི་གསལ་བསྒྲགས་བྱས་འདུག་པ་དང་། ཁོང་གི་འཆར་གཞི་ལ་ལྐོག་ཟ་རུལ་སུངས་ཀྱི་ཉེས་འཛུགས་འཕོག་ཡོད་པའི་སྲིད་བློན་ནཱི་ཐན་ཡཱ་ཧུ་ཡིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད་འདུག སྲིད་བློན་ཁོང་ལ་ལྐོག་ཟ་རུལ་སུངས་ཀྱི་ཉེས་འཛུགས་བྱས་པ་ནས་བཟུང་། ཁོང་གིས་གསར་ཁང་རྣམས་དང་ཉེན་རྟོག་པ། དེ་བཞིན་གཞུང་གི་ཁྲིམས་རྩོད་པ་བཅས་ནས་ཁོང་ལ་སྲིད་དོན་གྱི་དམིགས་འབེན་དུ་བཟུང་བཞིན་ཡོད་པ་ལས། ཉེས་འཛུགས་དེ་དག་བདེན་པ་མིན་སྐོར་གྱི་ནན་བརྗོད་བྱེད་བཞིན་ཡོད་འདུག འཆར་གཞི་ལྟར་ན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དབང་ཚད་ཆུང་དུ་གཏོང་བ་དང་། གྲོས་ཚོགས་ཀྱི་དབང་ཚད་ཆེ་རུ་གཏོང་རྒྱུ་ཡིན་འདུག དེ་ལ་སྐྱོན་བརྗོད་བྱེད་མཁན་ཚོས་གལ་ཏེ་འཆར་གཞི་དེ་དག་དངོས་སུ་ལག་བསྟར་ཐུབ་ཚེ། ཨི་ཛེ་རིལ་གྱི་མང་གཙོའི་ལམ་ལུགས་ནང་དུ་ལྗིད་སྙོམ་སྟངས་འཛིན་མེད་པ་ཆགས་རྒྱུ་ཡིན་སྐོར་བརྗོད་བཞིན་འདུག
གསལ་བསྒྲགས་དེ་དང་བསྟུན་ནས་ཟླ་༡ པོའི་ཚེས་༡༤ ཉིན་ཨི་ཛེ་རིལ་གྱི་གྲོང་ཁྱེར་ཆེ་ཁག་ཏུ། མི་མང་སྟོང་ཕྲག་མང་པོས་གཞུང་གི་འཆར་གཞི་དེར་ངོ་རྒོལ་ལས་འགུལ་སྤེལ་འདུག་པ་དང་། ཉེན་རྟོག་པས་བརྗོད་དོན་ལྟར་ན་གྲོང་ཁྱེར་ཏཱེལ་ཨི་ཝི་ཝི་ནང་དུ་མི་མང་ཁྲི་བརྒྱད་ལས་མང་བས་མཉམ་ཞུགས་བྱས་ཡོད་པ་རེད་འདུག
ངོ་རྒོལ་བ་ཚོས་སྲིད་བློན་ནཱི་ཐན་ཡཱ་ཧུ་དང་ཨུ་རུ་སུའི་སྲིད་འཛིན་པུ་ཀྲེན་གཉིས་མཚུངས་བསྡུར་བྱེད་པའི་སྦྱར་ཡིག་དང་འཕྲེད་དར་འཁྱེར་ཡོད་པ་མ་ཟད། ཨི་ཛེ་རིལ་རྒྱལ་ཁབ་དེ་ནི་ཕྱེད་མང་གཙོ་དང་ལྷ་སྡེའི་སྲིད་གཞུང་ཆགས་བཞིན་ཡོད་པས། སྲིད་བློན་ཁོང་ལ་མང་ཚོགས་ཀྱིས་འཆར་གཞི་དེ་དག་ལ་ངོས་ལེན་ནམ་ཡང་བྱེད་མི་སྲིད་པའི་བརྡ་ལན་སྤྲོད་ཆེད་དུ་ངོ་རྒོལ་ནང་མཉམ་ཞུགས་བྱས་པ་ཡིན་སྐོར་བརྗོད་འདུག
ཁྲིམས་ཞིབ་ལམ་ལུགས་འགྱུར་བ་ཆེན་པོ་གཏོང་རྒྱུའི་འཆར་གཞི་ནང་དུ། གལ་ཏེ་ཁྲིམས་ཞིབ་ཁང་གིས་ཁྲིམས་ཞིག་རྩ་ཁྲིམས་དང་མཐུན་གྱི་མེད་པར་ངོས་འཛིན་གྱིས་བཀག་འགོག་བྱས་ནའང། གྲོས་ཚོགས་ཀྱི་འཐུས་མི་༡༢༠ ནས་༦༡ གི་རྒྱབ་སྐྱོར་ཐོབ་ཚེ་ཁྲིམས་དེ་གཏན་འབེབས་བྱེད་ཆོག་པ་བཟོ་རྒྱུ། དེ་བཞིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་དཔོན་བསྐོ་གཞག་གི་ལས་དོན་ལ། སྲིད་དོན་མི་སྣ་ཚོར་འགན་དབང་ཆེ་རུ་གཏོང་རྒྱུ། གཞུང་གི་སྤྱི་ཁྱབ་ཁྲིམས་རྩོད་པའི་ལས་གནས་དེ་མི་གསུམ་ལ་ཆ་བགོས་བྱས་ཏེ། མི་གཉིས་དེ་གཞུང་དང་གྲོས་ཚོགས་ཀྱིས་བསྐོ་གཞག་བྱེད་རྒྱུ་ཡོད་པ་བཟོ་འཆར་ཡོད་འདུག དེ་སྔོན་ཨི་ཛེ་རིལ་གྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས། ཨི་ཛེ་རིལ་གཞུང་གིས་བཙན་བཟུང་འོག་ཡོད་པའི་པཱེ་ལི་སེ་ཐན་གྱི་མངའ་ཁུལ་དུ་མི་སྒེར་གྱི་ས་ཆར་དམག་སྒར་བཙུགས་པ་དེ་ནི་ཁྲིམས་འགལ་ཡིན་པ་ཐག་གཅོད་བྱས་འདུག་པ་དང་། ད་ལྟའི་སྲིད་གཞུང་དེས་ཐག་གཅོད་དེ་ཕྱིར་འཐེན་ཡོང་བའི་རེ་བ་བྱེད་ཀྱི་ཡོད་འདུག དེ་བཞིན་ཨ་ཧྥེ་རི་ཀ་ནས་སྐྱབས་བཅོལ་ཞུ་བར་ཡོང་མཁན་ཚོར་བཀག་ཉར་བྱེད་པའི་དུས་ཡུན་རིང་དུ་གཏོང་ཆོག་པ་བཟོ་རྒྱུའི་རེ་བ་ཡོད་སྐོར་བརྗོད་འདུག
ཨི་ཛེ་རིལ་གྱི་ཆེས་མཐོའི་ཁྲིམས་ཁང་གི་ཚོགས་གཙོ་ཨཱི་སེ་ཐེར་ཧཱ་ཡུཏ་ཡིས་གྲོས་འཆར་བཏོན་པའི་འགྱུར་བ་དེ་དག་ནི་ཁྲིམས་ཞིབ་ལམ་ལུགས་ལ་ཐད་ཀར་གཏོར་རྒོལ་བྱེད་པ་ཞིག་ཡིན་པ་དང་། དེ་ནི་ཁྲིམས་ཞིབ་སྡེ་ཚན་ལ་ཡོད་པའི་རང་དབང་ཅན་གྱི་དབང་ཚད་གཏོར་སྐྱོན་བྱེད་ཆེད་དུ་བཟོས་པ་ཞིག་ཡིན་པའི་སྐྱོན་བརྗོད་བྱས་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།
