ཨི་རག་གྲོས་ཚོགས་ཀྱིས་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་བྱས་འདུག

ཨི་རག་ནང་མི་མང་གིས་ཆབ་སྲིད་ཀྱི་ལམ་ལུགས་དང་མཐོ་རིམ་མི་སྣ་རྣམས་ལ་ངོ་རྒོལ་ལས་འགུལ་སྤེལ་ནས་ཟླ་བ་༣ ལྷག་འགྲོ་བཞིན་ཡོད་པས། རྒྱལ་ཁབ་དེའི་གྲོས་ཚོགས་ཀྱིས་མི་མང་གི་དགོས་འདུན་གཅིག་སྒྲུབ་འདུག་ཀྱང་། ད་དུང་ཡང་མང་པོ་ལྷག་ཡོད་པ་རེད་འདུག

ཟླ་༡༢ པའི་ཚེས་༢༥ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཚེས་༢༤ ཉིན་ཨི་རག་གྲོས་ཚོགས་ཀྱིས་མི་མང་གིས་གྲོས་ཚོགས་འཐུས་མི་སྒེར་ལ་འོས་ཤོག་འཕེན་རྒྱུ་དང་། གྲོས་ཚོགས་འཐུས་མི་རེ་ཡིས་འོས་བསྡུའི་ས་ཚིགས་ཀྱི་རྫོང་རེའི་སྐུ་ཚབ་བྱེད་དགོས་པའི་འོས་བསྡུའི་སྒྲིག་གཞི་གསར་པ་ལ་རྒྱབ་སྐྱོར་ཐོབ་ནས་གཏན་འབེབས་བྱས་འདུག དེ་ཡང་སྒྲིག་གཞི་བསྐྱར་བཅོས་ཀྱི་སྔོན་ལ། མི་མང་གིས་སྲིད་དོན་ཚོགས་པ་ཁག་གིས་མིང་ཐོ་བཏོན་པའི་ནང་གི་འོས་མི་རྣམས་ལ་འོས་ཤོག་འཕེན་པ་ལས། མིང་ཐོའི་ནང་མེད་པའི་འོས་མི་སྒེར་ལ་འོས་ཤོག་འཕེན་རྒྱུ་མེད་པ་རེད་འདུག དེ་བཞིན་གྲོས་ཚོགས་འཐུས་མི་གཅིག་གིས་འོས་བསྡུའི་ས་ཚིགས་རྫོང་གཅིག་གི་སྐུ་ཚབ་བྱེད་ཀྱི་མེད་ཁར། གྲོས་ཚོགས་འཐུས་མི་མང་པོ་ཞིག་གིས་མཉམ་རུབ་ཀྱིས་མངའ་སྡེ་གཅིག་གི་སྐུ་ཚབ་བྱེད་ཀྱི་ཡོད་འདུག

ཟླ་༡༠ པའི་མགོ་སྟོད་ནས་བཟུང་། ཨི་རག་ནང་སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་བརྒྱུད་ནས། རྒྱལ་ཁབ་དེའི་ནང་ལས་ཀའི་གོ་སྐབས་མེད་པ་དང་། སྤྱི་དམངས་ཞབས་ཞུའི་མཐུན་རྐྱེན་ཞན་པོ་ཡོད་པ། དེ་བཞིན་གཞུང་ནང་ལྐོག་ཟ་རུལ་སུངས་ཁྱབ་ཆེན་ཡོད་པ་སོགས་ལ་ངོ་རྒོལ་བྱེད་ཆེད། ངོ་རྒོལ་གྱི་འཆར་གཞི་འཐེན་ཏེ། ཟླ་༡༠ པའི་ཚེས་༡ དང་༢ ལ་ཨི་རག་གི་གྲོང་ཁྱེར་ཆེ་ཁག་མང་པོ་ཞིག་ནང་མི་མང་གིས་ངོ་རྒོལ་ལས་འགུལ་ཆེན་པོ་སྤེལ་ཡོད་འདུག ངོ་རྒོལ་ནང་དུ་འགོ་ཁྲིད་དམིགས་བསལ་མེད་ཁར། ཆོས་ལུགས་དང་སྲིད་དོན་གྱི་ཚོགས་པ་བྱེ་བྲག་གི་རྒྱབ་སྐྱོར་དང་འབྲེལ་བ་ཡང་མེད་པས། གཞོན་སྐྱེས་གཙོས་པའི་མི་མང་གི་ངོ་རྒོལ་ད་བར་ཁྱབ་ཆེ་ཤོས་དེ་ཆགས་འདུག ཐོག་མར་ལས་འགུལ་ཉིན་༦ རིང་སྤེལ་ནས་ལས་འགུལ་བ་༡༤༩ ཡི་ཚེ་སྲོག་ཤོར་ཡོད་པ་དང་། སྐབས་དེར་སྲིད་བློན་གྱིས་བློན་ཆེན་ལས་ཁུངས་ནང་བློན་ཆེན་རྣམས་འཕོ་འགྱུར་གཏོང་རྒྱུ་དང་། མཐོ་རིམ་ལས་བྱེད་ཚོས་གླ་ཆ་གཅོག་རྒྱུ། གཞོན་སྐྱེས་ལས་མེད་ཀྱི་དཀའ་ངལ་སེལ་རྒྱུ་སོགས་ཁས་ལེན་བྱས་ཡོད་ཀྱང་། ཟླ་༡༠ པའི་ཟླ་མཇུག་ཏུ་ངོ་རྒོལ་བ་ཚོས་ཁོ་ཚོའི་དགོས་འདུན་སྒྲུབ་མེད་སྐོར་བརྗོད་ནས་ལས་འགུལ་བསྐྱར་གསོ་བྱས་ནས་ད་བར་འགྲོ་བཞིན་པ་རེད་འདུག ད་བར་ཁྱོན་བསྡོམས་མི་གྲངས་ཉུང་མཐར་༤༥༠ ལས་མང་བའི་ཚེ་སྲོག་ཤོར་འདུག་པ་དང་། བདེ་སྲུང་མི་སྣ་༡༢ ཙམ་གྱི་ཚེ་སྲོག་ཤོར་འདུག དེ་བཞིན་མི་གྲངས་༡༩༠༠༠ ལ་རྨས་སྐྱོན་ཕོག་ཡོད་འདུག

མི་མང་གི་ངོ་རྒོལ་ཤུགས་ཆེན་དང་། དེ་བཞིན་ཐེངས་ཤིག་ཉིན་མ་གཅིག་ལ་བདེ་སྲུང་མི་སྣས་ལས་འགུལ་བ་༥༠ ལྷག་བསད་པའི་རྗེས་སུ། རྒྱལ་ཁབ་དེའི་ཁ་ཆེ་ཤིཡ་སྡེ་ཚན་གྱི་ཆོས་དཔོན་མཐོ་ཤོས་ཀྱིས་གཞུང་ལ་སྐྱོན་བརྗོད་དང་སྦྲགས། གཞུང་གསར་པ་ཡོང་དགོས་པའི་དགོས་འདུན་བཏོན་པའི་རྗེས་སུ། རྒྱལ་ཁབ་ཀྱི་སྲིད་བློན་གྱིས་རྩ་དགོངས་ཞུས་ཡོད་པ་དང་། ཟླ་༡༢ པའི་ཚེས་༡ ཉིན་ཨི་རག་གྲོས་ཚོགས་ཀྱིས་རྒྱལ་ཁབ་དེའི་སྲིད་བློན་ཨ་ཌེལ་ཨབ་ཌུལ་མཱཧ་ཌི་ཡིས་རྩ་དགོངས་ཞུས་པར་ངོས་ལེན་རྒྱབ་སྐྱོར་བྱས་འདུག  ད་ལྟའི་ཆར་ལས་འགུལ་བ་ཚོས་སྲིད་བློན་གྱི་རྩ་དགོངས་ཙམ་མ་ཡིན་པར། གྲོས་ཚོགས་རྩ་གྲོལ་བཏང་ནས་འོས་བསྡུ་སྔ་སྣུར་དང་། ད་ལྟའི་དབང་འཛིན་པ་ཆབ་སྲིད་མི་སྣ་དང་དམག་གི་མི་སྣ་ཚང་མར་དབང་ཆ་མེད་པ་བཟོ་རྒྱུའི་དམིགས་ཡུལ་འཛིན་བཞིན་འདུག

སྲིད་བློན་རྩ་དགོངས་ཞུས་ཟིན་ཡང་། གྲོས་ཚོགས་ནང་མང་མོས་ཀྱི་རྐུབ་སྟེགས་ཡོད་མཁན་སྲིད་དོན་ཚོགས་པ་གཅིག་ཀྱང་མེད་པས། སྲིད་བློན་གསར་པ་བསྐོ་གཞག་བྱེད་པའི་དབང་ཚད་ཡོད་མཁན་སྲིད་དོན་ཚོགས་པ་གཅིག་ཀྱང་མེད་འདུག སྲིད་དོན་ཚོགས་པ་རྣམས་ཀྱི་དབར་དུ་ཟླ་སྒྲིལ་གྱི་གྲོས་མོལ་འགྲོ་རྒྱུ་ཡིན་པ་དང་། མང་མོས་ཀྱི་རྐུབ་སྟེགས་གྲངས་ལོན་པའི་ཟླ་སྒྲིལ་ཕྱོགས་ཁག་གཅིག་བྱུང་རྗེས། སྲིད་བློན་གསར་པ་ཞིག་བསྐོ་གཞག་དང་གཞུང་གསར་པ་ཞིག་ཡོང་རྒྱུ་ཡིན་འདུག་ཀྱང་། ད་བར་སྲིད་བློན་ཞིག་བསྐོ་གཞག་བྱས་ཐུབ་མེད་ཁར། མི་མང་གིས་ཉེ་ཆར་ཨི་རག་གཞུང་གིས་འོས་མིར་མིང་འདོན་བྱས་པའི་སྲིད་བློན་འོས་མི་རྣམས་ལ་ངོས་ལེན་མེད་པའི་ངོ་རྒོལ་སྤེལ་འདུག དེ་བཞིན་སྲིད་དོན་པའི་ཤོག་ཁག་གཅིག་གིས་ཨི་རན་གྱི་རྒྱབ་སྐྱོར་ཡོད་པའི་འགོ་ཁྲིད་གཅིག་སྲིད་བློན་དུ་བསྐོ་གཞག་བྱེད་ཐབས་བྱས་པར། མི་མང་གིས་ངོ་རྒོལ་ཆེན་པོ་བྱེད་བཞིན་ཡོད་འདུག །

ཉེ་བའི་ཆར་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཨི་རག་གི་མི་སེར་བཞི་ལ་དཔལ་འབྱོར་ཉེས་ཆད་བཏང་འདུག་པ་དང་། དེའི་ནང་ནས་མི་སྣ་གསུམ་ནི་ཨི་རན་གྱི་རྒྱབ་སྐྱོར་ཡོད་པའི་དམངས་དམག་རུ་ཁག་གི་འགོ་ཁྲིད་ཡིན་འདུག དེ་ཡང་དམངས་དམག་རུ་ཁག་དེ་དག་གིས་ཨི་རག་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་ཡིན་པ་དང་། གཞུང་ལ་ངོ་རྒོལ་བྱེད་མཁན་ལས་འགུལ་བར་མེ་མདའ་གང་བྱུང་བརྒྱབ་ནས་མི་གསོད་ཁྲག་སྦྱོར་ལ་འཇུག་ཡོད་འདུག་པས། ཨ་རིའི་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་དང་ལྐོག་ཟ་རུལ་སུངས་ཀྱི་ཉེས་མིང་འོག་དཔལ་འབྱོར་ཉེས་ཆད་བཏང་བ་ཡིན་འདུག

ཨི་རག་ནི་དམག་འཁྲུག་གི་གནོད་སྐྱོན་ཕོག་པའི་རྒྱལ་ཁབ་གཅིག་ཡིན་ཁར། མངའ་ཁུལ་དུ་ཨ་རི་དང་ཨི་རན། ཏུར་ཀི་སོགས་ཀྱི་དབར་ཤུགས་རྐྱེན་རྒྱ་བསྐྱེད་དང་ཁེ་ཕན་སོགས་ཀྱི་ཐད་ལ་འགལ་ཟླ་ཆེན་པོ་ཡོད་པ་རེད་འདུག །

  གསར་འགོད་པ་སྐལ་བཟང་དོན་གྲུབ།