ཨི་སི་རིལ་དང་པ་ལི་སི་ཐན་གྱི་དམག་འཁྲུག་ཁྲོད་མི་༡༠༠༠ ལྷག་གི་ཚེ་སྲོག་ཤོར།

ཟླ་འདིའི་ཚེས་༩ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། པ་ལི་སི་ཐན་གྱི་ཧ་མ་སི་དམག་དཔུང་གིས་ཨི་སི་རེལ་ལ་བཙན་འཛུལ་དང་གཏོར་རྒོལ་བྱས་ནས་ཉིན་གསུམ་པ་དེ་འགྲོ་བཞིན་ཡོད་པ་དང་། ད་བར་ཕྱོགས་གཉིས་ཀྱི་མི་གྲངས་ཆིག་སྟོང་ལྷག་གི་ཚེ་སྲོག་ཤོར་ཡོད་པའི་གནས་ཚུལ་ཐོན་འདུག

པར། CNA

ཧ་མ་སི་ཞེས་པ་ནི་པ་ལི་སི་ཐན་གྱི་དམག་གི་སྒྲིག་འཛུགས་ཤིག་ཡིན་ཞིང་། སྒྲིག་འཛུགས་དེས་ཕྱི་ལོ་༢༠༠༧ ནས་གྷ་རྫ་ཞེས་པའི་ས་ཁུུལ་ལ་དབང་བསྒྱུར་བྱས་ཡོད་པ་དང་། ད་ལྟའི་ཆར་ཁོང་ཚོའི་དབང་འོག་ཏུ་པ་ལི་སི་ཐན་བ་ས་ཡ་གཉིས་ཙམ་ཡོད་འདུག ཧ་མ་སི་ཡིས་གྷ་རྫ་ཞེས་པའི་ས་ཁུལ་ལ་དབང་བསྒྱུར་བྱས་པ་ནས་བཟུང་ཨི་སི་རིལ་དང་ཨི་ཇིབ་རྒྱལ་ཁབ་གཉིས་ཀྱིས་དཔལ་འབྱོར་དང་ཚོང་ལམ་བཀག་འགོག་བྱས་ཡོད་འདུག ལྷག་པར་དུ་ཨ་རི་དང་ཡུ་རོབ་མཐུན་ཚོགས། དབྱིན་ཡུལ་དང་ཨི་སི་རིལ་སོགས་འཛམ་གླིང་ཐོག་སྟོབས་ཤུགས་ཅན་གྱི་ཚོགས་པ་མང་པོས་ཧ་མ་སི་ཞེས་པའི་སྒྲིག་འཛུགས་དེ་ནི་དྲག་སྤྱོད་པའི་དཔུང་སྡེ་ཞིག་ལ་ངོས་འཛིན་བྱས་ཡོད་འདུག

པར། Axios

ཟླ་འདིའི་ཚེས་༧ ཉིན་གྱི་ཞོགས་པ། ཧ་མ་སི་དམག་གི་སྒྲིག་འཛུགས་ཀྱིས་གློ་བུར་དུ་མེ་ཤུགས་འཕུར་མདའ་༥༠༠༠ ཙམ་གྱིས་ཨི་སི་རིལ་གྱི་ས་ཁུལ་བདུན་ཙམ་གྱི་ཐོག་ལ་གཏོར་རྒོལ་དང་བཙན་འཛུལ་བྱས་ཤིང་། མེ་མདའ་གང་བྱུང་དུ་འཕངས་ནས་ཨི་སི་རིལ་གྱི་མི་སེར་མང་པོ་བསད་ཡོད་པ་མ་ཟད། ཨི་སི་རིལ་གྱི་དམག་མི་དང་མི་སེར་མང་པོ་འཛིན་བཟུང་བྱས་ནས་གཏའ་མར་ཉར་ཡོད་འདུག འདས་པའི་ལོ་ངོ་ལྔ་བཅུའི་རིང་ཨི་སི་རིལ་གྱི་ས་ཐོག་ལ་གཏོར་རྒོལ་དེ་འདྲ་བྱུང་བ་ཐོག་མ་དེ་ཆགས་ཡོད་པ་མ་ཟད། ཨི་སི་རིལ་གྱི་གསང་བའི་མི་སྣས་གནས་ཚུལ་དེ་སྔོན་དཔག་བྱེད་ཐུབ་མེད་པ་ཁ་སྐྱེངས་པོར་གྱུར་ཡོད་འདུག

ཨི་སི་རིལ་གྱིས་ཧ་མ་སིའི་དམག་གི་སྒྲིག་འཛུགས་དང་དམག་འཁྲུག་བྱེད་རྒྱུའི་གསལ་བསྒྲགས་སྤེལ་ནས་ཕར་རྒོལ་དྲག་པོ་བྱས་ཤིང་། ཕྱོགས་གཉིས་བར་དམག་འཁྲུག་གི་ཉིན་གསུམ་རིང་མི་གྲངས་༡༡༠༠ ལྷག་གི་ཚེ་སྲོག་ཤོར་ཡོད་འདུག་པ་མ་ཟད། ད་དུང་ཡང་ཤི་མཁན་གྱི་གྲོངས་འབོར་མུ་མཐུད་འཕར་རྒྱུའི་སྔོན་དཔག་བྱེད་བཞིན་འདུག

ཧ་མ་སིའི་དམག་གི་སྒྲིག་འཛུགས་ཀྱི་དམག་དཔོན་གྱིས་ཨི་སི་རིལ་གྱིས་ཁ་ཆེའི་ལྷ་ཁང་(Al-Aqsa) ལ་གཏོར་རྒོལ་བྱས་པར་འཁོན་ལན་སློག་ཆེད་དང་ཁ་ཆེའི་ལྷ་ཁང་དེ་སྲུང་སྐྱོབ་ཆེད་གཏོར་རྒོལ་བྱས་པ་ཡིན་ཞེས་བརྗོད་ཡོད་འདུག ཕྱོགས་གཉིས་ཀྱི་བར་དམག་འཁྲུག་མ་ལངས་གོང་གི་ཉིན་ཁ་ཤས་ཀྱི་སྔོན་དུ། ཨི་སི་རིལ་གྱི་མི་ཚོགས་ཤིག་གིས་ཁ་ཆེའི་ལྷ་ཁང་དེར་གཏོར་རྒོལ་བྱས་ཡོད་འདུག
ཨ་རིའི་གསང་བའི་མི་སྣས་ཧ་མ་སིའི་དམག་གིས་ཨི་སི་རིལ་ལ་གཏོར་རྒོལ་བྱེད་དགོས་ནི་ཨི་སི་རིལ་དང་སོ་དྷི་ཨ་རབ་བར་ཞི་འགྲིག་ཡོང་བའི་གྲོས་མོལ་གཏོར་ཆེད་རེད་ཅེས་རྗོད་བཞིན་འདུག ཨ་རིའི་སྲིད་འཛིན་གྱིས་ཨི་སི་རིལ་ལ་རྒྱབ་སྐྱོར་དང་རོགས་རམ་བྱེད་རྒྱུ་ཁས་ལེན་བྱས་ཡོད་པ་མ་ཟད། ད་ལྟའི་ཆར་ཨ་རིའི་དམག་གི་གནམ་གྲུ་དང་གྲུ་གཟིངས་སོགས་ཨི་སི་རིལ་ཕྱོགས་སུ་གཏོང་བཞིན་ཡོད་འདུག

ཟླ་འདིའི་ཚེས་༩ ཉིན་(CooPWB) ་ཞེས་པའི་ཐོག་གནས་ཚུལ་སྤེལ་གསལ་ལྟར་ན། ཁ་ཐར་དང་ཨི་རན། ལེ་བྷན་ནོ་བཅས་ཀྱིས་ཧ་མ་སི་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་དང་། ཨ་རི་དང་དབྱིན་ཡུལ། འཇར་མན་དང་ཧྥ་རན་སི། ནོར་ཝེ་སོགས་ཀྱིས་གཏོར་རྒོལ་དེ་ནི་འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་ཅིག་རེད་ཅེས་ཧ་མ་སི་ལ་སྐྱོད་བརྗོད་བྱེད་བཞིན་འདུག གཞན་ཡང་རྒྱལ་ཁབ་མང་པོས་དམག་འཁྲུག་མཚམས་འཇོག་དགོས་པའི་འབོད་སྐུལ་ཡང་ཞུས་ཡོད་འདུག།

གསར་འགོད་པ་བློ་བཟང་རྒྱ་མཚོ།