ཨི་སི་རིལ་དང་ཧ་མ་སིའི་དམག་འཁྲུག་ཛ་དྲག་ཏུ་འགྲོ་བཞིན་འདུག

ཟླ་འདིའི་ཚེས་༡༨ ཉིན་(The Guardian) ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨི་སི་རིལ་གྱིས་གྷ་རྫ་ལ་ཡོད་པའི་སྨན་ཁང་ཞིག་ལ་འབར་རྫས་ཀྱིས་གཏོར་རྒོལ་བྱས་ནས་མི་གྲངས་༥༠༠ ལྷག་བསད་ཡོད་པར་བརྟེན། དཀྱིལ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་མང་པོའི་ནང་ངོ་རྒོལ་གྱི་ལས་འགུལ་རྒྱ་ཆེར་སྤེལ་ཡོད་པ་དང་། གནས་ཚུལ་དེ་ལྷག་རྗེས་ཨ་རིའི་སྲིད་འཛིན་དཀྱིལ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ཇོར་ཌན་(Jordan) ་ལ་འཚམས་གཟིགས་འགྲོ་རྒྱུ་དེ་ཡང་ཕྱིར་འཐེན་བྱས་ཡོད་འདུག

(པར། Mint)

ཟླ་འདིའི་ཚེས་༡༧ ཉིན་གྱི་མཚན་མོ་གྷ་རྫ་ལ་ཡོད་པའི་སྨན་ཁང་ཞིག་ལ་འབར་རྫས་ཀྱིི་གཏོར་རྒོལ་བྱུང་ནས་སྨན་ཁང་ལ་ཡོད་པའི་མི་གྲངས་༥༠༠ ལྷག་བསད་ཡོད་པ་མ་ཟད། སྨན་པ་དང་ནད་པ་སྟོང་ཕྲག་མང་པོར་རྨས་སྐྱོན་ཕོག་ཡོད་པར་བརྟེན། ཨ་རིའི་སྲིད་འཛིན་གྱིས་དཀྱིལ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ཇོར་ཌན་(Jordan) ལ་འཚམས་གཟིགས་ཕེབས་རྒྱུ་ཕྱིར་འཐེན་བྱས་ཡོད་འདུག

ཨི་སི་རིལ་གྱིས་འབར་རྫས་འཕངས་ནས་སྨན་ཁང་ལ་གཏོར་རྒོལ་བྱས་ཡོད་པ་ཧ་མ་སིས་སྐྱོན་བརྗོད་བྱས་པའི་རྗེས། ཨ་རབ་ཀྱི་རྒྱལ་ཁབ་བྷ་རེན་དང་ཨི་ཇིབ། ཇོར་ཌན་དང་སོ་དྷི་ཨ་རབ། ཏུར་ཀི་དང་ཨ་རབ་ཨེར་མེ་མཉམ་འབྲེལ་རྒྱལ་ཁབ་བཅས་ཀྱིས་ཀྱང་ཨི་སི་རིལ་གྱིས་སྨན་ཁང་ལ་འབར་རྫས་འཕངས་པར་ཉེས་འཛུགས་བྱས་ཡོད་འདུག ཡིན་ན་ཡང་། ཨི་སི་རིལ་གྱི་རྒྱལ་སྲུང་བློན་ཆེན་གྱིས་སྨན་ཁང་ལ་གཏོར་རྒོལ་གྱི་ཉེས་ཁག་ཧ་མ་སིའི་རོགས་ཟླ་(Islamic Jihad) ལ་གཡོགས་ཡོད་ཀྱང་། ཚོགས་པ་དེས་ཁས་ལེན་བྱས་མེད་པ་རེད་འདུག

སྨན་ཁང་ལ་གཏོར་རྒོལ་བྱུང་བར་བརྟེན། ཏུར་ཀི་དང་ཇོར་ཌན། དེ་བཞིན་ཨི་རག་དང་ཨེ་རན། ལི་བྷ་ནོན་སོགས་ཀྱི་ནང་མི་མང་བརྒྱ་ཕྲག་མང་པོས་ཁོང་ཁྲོ་དྲག་པོས་ངོ་རྒོལ་གྱི་ལས་འགུལ་རྒྱ་ཆེར་སྤེལ་ཡོད་པ་མ་ཟད། སྨན་ཁང་ལ་གཏོར་རྒོལ་བྱུང་བ་དེ་ཡིས་དཀྱིལ་ཤར་ཨེ་ཤེ་ཡའི་ནང་གི་དམག་འཁྲུག་གི་རྣོ་ངར་ཇེ་ཆེར་འགྲོ་བཞིན་ཡོད་འདུག

ཟླ་འདིའི་ཚེས་༡༨ ཉིན་ལི་བྷ་ནོན་ལ་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་གིས་ལི་བྷ་ནོན་ལ་ཡོད་པའི་ཨ་རིའི་མི་སེར་ཚོ་རྒྱལ་ཁབ་དེ་ནས་ཁ་བྲལ་དགོས་པ་དང་། ལི་བྷ་ནོན་ནས་ཐོན་འདོད་མེད་མཁན་ཚོ་ལ་ཡང་། སྔོན་དཔག་མ་ཐུབ་པའི་གནས་ཚུལ་ཞིག་བྱུང་ཚེ་ལག་བསྟར་བྱ་རྒྱུའི་འཆར་གཞི་དགོས་པའི་སློབ་སྟོན་གནང་ཡོད་པ་མ་ཟད། ཛ་དྲག་གི་འབྲེལ་བ་བྱེད་ས་ཁ་པར་ཨང་གྲངས་ཀྱང་མཁོ་སྤྲོད་བྱས་ཡོད་འདུག གཞན་ཡང་ཧྥ་རན་སི་གཞུང་གིས་ཀྱང་མི་མང་ཚོ་ལ་ལི་བྷ་ནོན་ལ་མི་འགྲོ་བའི་ལམ་སྟོན་བྱས་འདུག

ད་ལྟའི་ཆར་ཨི་སི་རིལ་གྱིས་མི་འབོར་ས་ཡ་༢༣ ལྷག་ཡོད་པའི་གྷ་རྫའི་ས་ཐོག་ཏུ་གནམ་རྒོལ་མུ་མཐུད་བྱེད་བཞིན་ཡོད་པ་དང་། གློག་དང་ཆུ། སྨན་དང་སྣུམ་སོགས་བཀག་ཟིན་པས་པ་ལི་སི་ཐན་གྱི་ཡུལ་མི་ཚོ་སྐོམ་ཤི་ཐེབས་སྲིད་པའི་འཇིགས་སྣང་ཇེ་ཆེ་རུ་འགྲོ་བཞིན་ཡོད་འདུག

རྒྱལ་སྤྱིའི་ཐོག་སྡེབ་གསོད་ཆེན་མོ་དང་རྒྱལ་སྤྱིའི་ཁྲིམས། མི་རིགས་སྡེབ་གསོད་སོགས་ཀྱི་ཐོག་ལ་ཁྲིམས་ལུགས་མཁས་པ་མི་གྲངས་༨༠༠ ལྷག་གིས་མིང་རྟགས་བཀོད་ནས་བསྒྲགས་གཏམ་ཞིག་སྤེལ་ནས་ཨི་སི་རིལ་གྱིས་གྷ་རྫ་ཁུལ་དུ་མི་རིགས་སྡེབ་གསོད་བྱེད་ཉེན་འདུག་ཅེས་ཉེན་བརྡ་བཏང་ཡོད་འདུག

གཞན་ཡང་ཨེ་རན་གྱི་ཕྱི་སྲིད་བློན་ཆེན་གྱིས་ཁ་ཆེའི་རྒྱལ་ཁབ་ཚོས་ཨི་སི་རིལ་དང་ཚོང་ལས་བཀག་སྡོམ་དང་སྣུམ་སོགས་ཀྱི་ཐོག་ལ་ཉེས་ཆད་གཅོད་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག།

གསར་འགོད་པ་བློ་བཟང་རྒྱ་མཚོ།