ཨི་སི་རེལ་གྱིས་ཧ་མ་སིའི་གྲོས་ཚོགས་བཙན་བཟུང་བྱས་ཟིན་ཡོད་འདུག

ཕྱི་ཟླ་༡༠ ཚེས་༧ ཉིན་ཨི་སི་རེལ་གྱི་ས་ཁུལ་ནང་ཧ་མི་སིས་བཙན་འཛུལ་བྱས་ནས་ཨི་སི་རེལ་གྱི་མི་མང་༡༥༠༠ ཙམ་བསད་ཡོད་འདུག་པ་དང་། མང་པོ་ཞིག་བཙན་ཁྲིད་བྱས་པར་བརྟེན། ཨི་སི་རེལ་གྱིས་ད་ཆར་པ་ལི་སི་ཐན་གྱི་ས་ཁུལ་དུ་བཙན་འཛུལ་བྱས་ནས་ཧ་མ་སིའི་དྲག་སྤྱོད་པའི་བསྟི་གནས་ཁག་མང་པོ་ཞིག་གཏོར་རྒོལ་གཏོང་བཞིན་ཡོད་པ་ལྟར། ད་ཆར་ཨི་སི་རེལ་གྱིས་ཧ་མ་སིའི་གྲོས་ཚོགས་བཙན་བཟུང་བྱས་ཡོད་འདུག་པ་དང་། དེ་བཞིན་གོ་མཚོན་བཟོ་གྲྭའི་བསྟི་གནས་ཁག་འགའ་ཡང་བཙན་བཟུང་བྱས་ཡོད་འདུག
ཕྱི་ཚེས་༡༤ ཉིན་རྒྱ་གར་གྱི་wion གསར་ཁང་གིས་གནས་ཚུལ་སྤེལ་གནས་ལྟར་ན། ཕྱི་ཚེས་༡༤ ཉིན་ཨི་སི་རེལ་གྱི་དམག་མིས་བརྗོད་དོན་ལ། ཨི་སི་རེལ་གྱིས་གྷ་ཛ་གྲོང་ཁྱེར་ནང་ཡོད་པའི་ཧ་མ་སིའི་གྲོས་ཚོགས་དང་། གཞན་ཧ་མ་སི་དྲག་སྤྱོད་པའི་འཛིན་སྐྱོང་འོག་ཡོད་པའི་གཞུང་གི་བསྟི་གནས་ཁག དེ་བཞིན་ཉེན་རྟོག་པའི་ལས་ཁུངས་ཀྱི་བསྟི་གནས་ཁག་ཀྱང་བཙན་བཟུང་བྱས་ཡོད་པར་བརྗོད་འདུག་ལ། ཨི་སི་རེལ་གྱི་བདེ་སྲུང་ལྷན་ཁང་གིས་བརྗོད་དོན་ལ་གྷ་ཛ་གྲོང་ཁྱེར་ནང་ཡོད་པའི་ཧ་མ་སི་དྲག་སྤྱོད་པའི་གཞུང་གི་བསྟི་གནས་ཁག་ཨི་སི་རེལ་གྱི་དམག་སྡེ་བདུན་པས་བཙན་བཟུང་བྱས་ཟིན་པར་བརྗོད་ཡོད་འདུག དེ་བཞིན་གྷ་ཛ་གྲོང་ཁྱེར་གྱི་སྲིད་སྐྱོང་ལས་ཁུངས་དང་། ཧ་མ་སིའི་དམག་སྡེའི་གསང་བའི་ལས་ཁུངས། ཧ་མ་སིའི་དམག་སྦྱོང་བྱེད་སའི་བསྟི་གནས་ཁག བཙོན་པ་རྣམས་ལ་འདྲི་བརྩད་བྱེད་ས་སོགས་གལ་འགང་ཆེ་བའི་བསྟི་གནས་ཁང་ཁག་མང་པོ་བཙན་བཟུང་བྱས་ཡོད་འདུག སྤྱི་ཚོགས་དྲྭ་ལམ་གྱི་པར་རིགས་ལ་བལྟས་ན། ཨི་སི་རེལ་གྱི་དམག་མི་ཧ་མ་སིའི་གྲོས་ཚོགས་ཚོགས་ཁང་ནང་ཡོད་པ་ཡང་མཐོང་རྒྱུ་ཡོད་འདུག ད་ཆར་ཨི་སི་རེལ་གྱི་ཉེན་རྟོག་པས་བརྗོད་དོན་ལ། དེ་སྔོན་ཕྱི་ཟླ་༡༠ ཚེས་༧ ཉིན་ཨི་སི་རེལ་ལ་ཧ་མ་སིས་གཏོར་རྒོལ་བྱེད་དུས་ཨི་སི་རེལ་གྱི་བུད་མེད་མང་པོ་ལ་ཧ་མ་སིའི་དམག་མིས་བཙན་གཡེམ་བྱས་པ་སོགས་ཀྱི་གནད་དོན་བྱུང་འདུག་པས། དེ་དག་ལ་ཞིབ་གཅོད་བྱེད་རྒྱུ་ཡིན་པར་བརྗོད་འདུག ཕྱི་ཚེས་༡༦ ཉིན་ཨ་རབ་ཀྱི་རྒྱལ་ཁབ་ཁ་ཏར་གྱི་བར་འདུམ་བརྒྱུད་ཧ་མ་སི་དྲག་སྤྱོད་པས་ཨི་སི་རེལ་གྱི་བུད་མེད་དང་བྱིས་པ་འཛིན་བཟུང་བྱས་པ་༥༠ གློད་རྒྱུ་དང་ཨི་སི་རེལ་གྱིས་ཧ་མ་སིའི་བུད་མེད་དང་བྱིས་པ་བཙོན་ཁང་དུ་ཡོད་པ་དག་གློད་དགོས་པ་དང་། དེ་བཞིན་ཉིན་གསུམ་རིང་ཨི་སི་རེལ་གྱི་ཕྱོགས་ནས་དམག་མཚམས་འཇོག་རྒྱུའི་དགོས་འདུན་བཏོན་ཡོད་ཀྱང་། ཨི་སི་རེལ་གྱི་བློན་ཆེན་(Benny Gantz)ཟེར་བས་ཨི་སི་རེལ་གྱི་དམིགས་ཡུལ་མ་འགྲུབ་བར་དམག་མཚམས་འཇོག་མི་སྲིད་ཅེས་བརྗོད་འདུག་པ་དང་། བློན་ཆེན་དེ་ཨི་སི་རེལ་གྱི་ཛ་དྲག་དམག་དོན་ཐབས་བྱུས་ཀྱི་ཚོགས་ཆུང་ནང་ཡོད་འདུག ཧ་མ་སིའི་དམག་མིས་བརྗོད་དོན་ལ། བདུན་ཕྲག་དེའི་ནང་ཁྱོན་ཨི་སི་རེལ་གྱི་བུད་མེད་དང་བྱིས་པ་༧༠ ཙམ་ཞིག་གློད་རྒྱུའི་འདོད་མོས་ཡོད་པ་ཨི་སི་རེལ་དང་ཧ་མ་སི་གཉིས་བར་དུ་བར་འདུམ་བྱེད་མཁན་ལ་བརྗོད་འདུག ཨི་སི་རེལ་གྱི་སྲིད་བློན་(Benjamin Netanyahu)གྱིས། ད་དུང་ཧ་མ་སིའི་ལག་ཏུ་ཁྱོན་མི་༢༤༠ ཙམ་ཡོད་པར་བརྟེན་མུ་མཐུད་ནས་ལས་དོན་སྒྲུབ་རྒྱུ་ཡིན་པར་བརྗོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།
