ཨི་སེ་རེལ་གྱིས་ཧ་མ་སི་ལ་ཟླ་བ་གཉིས་རིང་དམག་མཚམས་འཇོག་རྒྱུའི་གྲོས་འགོ་བཏོན།
ཟླ་འདིའི་ཚེས་༢༣ ་ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཨི་སེ་རེལ་གྱིས་བར་འདུམ་རྒྱལ་ཁབ་ཁ་ཐར་དང་ཨི་ཇིབ་གཉིས་བརྒྱུད་ཧ་མ་སི་ལ་ཟླ་བ་གཉིས་རིང་དམག་འཁྲུག་མཚམས་འཇོག་རྒྱུའི་གྲོས་འགོ་བཏོན་ཡོད་པའི་གནས་ཚུལ་ཐོན་འདུག

ཨི་སེ་རེལ་གྱིས་བར་གདུམ་རྒྱལ་ཁབ་ཁ་ཐར་དང་ཨི་ཇིབ་གཉིས་བརྒྱུད་ཧ་མ་སི་ལ་ཟླ་བ་གཉིས་རིང་དམག་འཁྲུག་མཚམས་འཇོག་རྒྱུའི་གྲོས་འགོ་བཏོན་ཡོད་པ་དང་། གྲོས་འཆར་དེའི་ནང་ཧ་མ་སིའི་ལག་ཏུ་ཡོད་པའི་གཏའ་མི་ཚང་མ་གློད་བཀྲོལ་གཏོང་དགོས་པ་ཚུད་ཡོད་ཅེས་ཨི་སེ་རེལ་གྱི་གཞུང་འབྲེལ་མི་སྣ་གཉིས་ཀྱིས་རྗོད་ཀྱི་ཡོད་འདུག
གྲོས་གཞི་དེའི་ནང་ཕྱོགས་གཉིས་ཀྱི་བར་དམག་འཁྲུག་མཇུག་སྒྲིལ་རྒྱུ་བཀོད་མེད་ན་ཡང་། དམག་འཁྲུག་འགོ་བཙུགས་ནས་བཟུང་། ཨི་སེ་རེལ་གྱིས་ཧ་མ་སི་ལ་གྲོས་འགོ་བཏོན་པའི་གནས་སྐབས་དམག་འཁྲུག་མཚམས་འཇོག་གི་དུས་ཡུན་རིང་ཤོས་དེ་ཆགས་ཡོད་འདུག
ཧ་མ་སིའི་ལག་ཏུ་འཛིན་བཟུང་བྱས་པའི་གཏའ་མི་༡༣༠ ཙམ་ཡོད་འདུག་ཅིང་། ཨི་སེ་རེལ་གྱི་གཞུང་འབྲེལ་མི་སྣ་ཞིག་གིས་གཏའ་མི་བཅུ་ཕྲག་ཁ་ཤས་ཤིག་ལོ་སྔོན་མའི་ཕྱི་ཟླ་༡༠ ཚེས་༧ ཉིན་ཤི་ཡོད་པའམ། དེའི་རྗེས་ཀྱི་གཟའ་འཁོར་ཁ་ཤས་ནང་ཤི་ཡོད་པར་བརྗོད་འདུག
ཨ་རིའི་སྲིད་འཛིན་གྱི་སློབ་སྟོན་པ་རྒན་པ་(Brett McGurk) ཟེར་བ་དེ་བདུན་ཕྲག་འདིའི་རེས་གཟའ་ཉི་མའི་ཉིན་ཁ་ཐར་དང་ཨི་ཇིབ་གཉིས་ལ་ཕྱིན་ནས་ཧ་མ་སི་དང་ཨི་སེ་རེལ་བར་གྱི་དམག་འཁྲུག་ཐོག་གྲོས་བསྡུར་བྱ་རྒྱུ་དང་། ཧ་མ་སིས་འཛིན་བཟུང་བྱས་པའི་གཏའ་མི་གློད་བཀྲོལ་གྱི་གྲོས་མོལ་ཡར་རྒྱས་ཡོང་བའི་འབད་བརྩོན་བྱ་རྒྱུ་ཡིན་པར་ཚོད་དཔག་བྱེད་བཞིན་འདུག
ཐེངས་འདིར་ཨི་སེ་རེལ་གྱིས་བཏོན་པའི་གྲོས་གཞིའི་ནང་། གཏའ་མི་གློད་བཀྲོལ་གཏོང་སྟངས་ལ་རིམ་པ་ཁ་ཤས་ཕྱེས་ཡོད་འདུག རིམ་པ་དང་པོའི་ནང་། ཧ་མ་སིའི་ལག་ཏུ་ཡོད་པའི་བུད་མེད་ཚང་མ་དང་། ལོ་ན་༦༠ ཡན་གྱི་སྐྱེས་པ་དང་ནད་གཞིའི་ཉེན་ཁ་ཡོད་པའི་གཏའ་མི་ཚོ་གློད་རྒྱུ་ཞེས་དང་། རིམ་པ་གཉིས་པའི་ནང་། བུད་མེད་ཀྱི་དམག་མི་དང་ལོ་ན་༦༠ མན་གྱི་དམག་མི་དང་དམག་མི་མིན་པའི་སྐྱེས་པ། དེ་བཞིན་ཤི་ཟིན་པའི་གཏའ་མི་ཚོའི་ཕུང་པོ་ཕྱིར་སྤྲོད་རྒྱུ་བཅས་ཚུད་ཡོད་འདུག
གྲོས་གཞིའི་ནང་ཐོག་མར། ཧ་མ་སི་དང་ཨི་སེ་རེལ་བར་ཧ་མ་སིའི་ལག་ཏུ་ཡོད་པའི་གཏའ་མི་མི་འདྲ་བ་རེ་ལ་ཨི་སེ་རེལ་གྱིས་འཛིན་བཟུང་བྱས་ཡོད་པའི་པ་ལི་སི་ཐན་གྱི་བཙོན་པ་ག་ཚོད་གློད་བཀྲོལ་གཏོང་དགོས་པ་གཏན་འཁེལ་བྱ་རྒྱུ་དང་དེའི་རྗེས་བཙོན་པ་དེ་དག་གི་མིང་ལོགས་སུ་གྲོས་མོལ་བྱ་རྒྱུ་ཡིན་འདུག
དེ་བཞིན་གྲོས་གཞིའི་ནང་གྷ་རྫ་ཡི་གྲོང་ཁྱེར་གཙོ་བོ་ཁག་ཅིག་ནས་ཨི་སེ་རེལ་གྱི་དམག་མི་ཉུང་དུ་གཏོང་རྒྱུ་དང་། རིམ་པས་ཉེ་ལམ་དམག་འཁྲུག་གི་ཁྲོད་གཏོར་སྐྱོན་ཐེབས་པའི་བྱང་ཕྱོགས་སུ་ཡུལ་མི་རྣམས་ཕྱིར་ལོག་བྱེད་དུ་འཇུག་རྒྱུ་ཡིན་ཞེས་སོགས་འཁོད་ཡོད་འདུག
ཨི་སེ་རེལ་གྱི་གཞུང་འབྲེལ་མི་སྣ་ཞིག་གིས་གྲོས་གཞི་དེས་ཨི་སི་རེལ་གྱི་དམག་འཁྲུག་མཇུག་མི་སྒྲིལ་པ་གསལ་པོ་མཚོན་པ་མ་ཟད། ཨི་སེ་རེལ་གྱིས་འཛིན་བཟུང་བྱས་ཡོད་པའི་པ་ལི་སི་ཐན་གྱི་བཙོན་པ་ཁ་ཤས་ལས་བཙོན་པ་༦༠༠༠ ཚང་མ་གློད་བཀྲོལ་གཏོང་རྒྱུ་མིན་པ་ཡང་གསལ་བོ་མཚོན་ཡོད་ཅེས་བརྗོད་འདུག
སྔ་ལོའི་ཕྱི་ཟླ་༡༠ ཚེས་༧ ཉིན་ཧ་མ་སིས་གློ་བུར་དུ་ཨི་སེ་རེལ་ལ་གཏོར་རྒོལ་དང་བཙན་འཛུལ་བྱས་ཞིང་། མི་གྲངས་༡༢༠༠ བསད་པ་མ་ཟད། མི་གྲངས་༢༤༠ ་འཛིན་བཟུང་གིས་གཏའ་མི་ལ་བཙན་ཁྲིད་བྱས་ཡོད་པ་དང་། རྗེས་སུ་གཏའ་མི་ཁ་ཤས་གློད་ཡོད་ཀྱང་ད་དུང་ཡང་མི་གྲངས་༡༣༢ ་ཙམ་ཉར་ཡོད་པ་དང་། ད་བར་གཏའ་མི་༢༨ ཙམ་ཤི་ཡོད་འདུག
ཨི་སེ་རེལ་གྱིས་གཏོར་རྒོལ་དེ་ལ་འཁོན་ལན་བསླགས་ནས་ད་བར་མི་གྲངས་༢༥,༢༩༥ ་བསད་ཡོད་པ་དང་། དེ་དག་ལས་བརྒྱ་ཆ་༧༠% ་ནི་བུད་མེད་དང་ཕྲུ་གུ་ཆགས་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།
