ཨིན་ཌོ་ནེ་ཤི་ཡ་རུ་ས་ཡོམ་གྱི་གོད་ཆག
ཨིན་ཌོ་ནེ་ཤི་ཡ་རུ་མཚོ་འོག་གི་ས་ཡོམ་ཤུགས་ཚད་རིམ་པ་༦.༥ ཅན་ཞིག་བརྒྱབ་ནས་ཉུང་མཐའ་ཡང་མི་༥༢ འདས་གྲོངས་སུ་གྱུར་ཡོད་འདུག
ཟླ་འདིའི་ཕྱི་ཚེས་༧ ཉིན་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་འཁོད་གསལ་ལྟར་ན། ཨིན་ཌོ་ནེ་ཤི་ཡ་རུ་མཚོ་འོག་གི་ས་ཡོམ་ཤུགས་ཚད་རིམ་པ་༦.༥ ཅན་དང་གཏིང་ཚད་སྤྱི་ལེ་༡༧.༢ ཤིག་ཟླ་འདིའི་ཕྱི་ཚེས་༧ ཉིན་གྱི་ཞོགས་པར་བརྒྱབ་ནས་ཉུང་མཐའ་ཡང་མི་༡༠༢ འདས་གྲོངས་སུ་གྱུར་ཡོད་པ་དང་། མི་གྲངས་ཉུང་མཐའ་ཡང་༦༠༠ ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པ་དང་ཁང་པ་བཅུ་གྲངས་ཤིག་བརྡིབ་སྐྱོན་བྱུང་ཡོད་འདུག
ད་ཐེངས་ཀྱི་ས་ཡོམ་ལྟེ་གནས་ནི་ཨིན་ཌོ་ནེ་ཤི་ཡའི་གླིང་ཕྲན་སུ་མ་ཊ་ར་རུ་ཡིན་པ་དང་། ཕྱེད་རང་སྐྱོང་གི་གནས་བབས་སུ་ཡོད་པའི་ཨ་ཆེ་ཞིང་ཆེན་གྱི་མངའ་ཁོངས། པེ་ཌི་ཇ་ཡ་རྫོང་གི་གྲོང་སྡེ་སིགྷི་ལི་དང་ཉེ་བའི་མཚོ་འོག་ཏུ་ཡིན་འདུག
ཕྱི་ལོ་༢༠༠༤ ལོར་ཨ་ཆེ་ཞིང་ཆེན་དུ་ས་ཡོམ་ཤུགས་ཆེན་པོ་ཞིག་བརྒྱབ་ནས་མཚོ་རླབས་འཕྱུར་ཏེ་མི་གྲངས་༡༦༠,༠༠༠ ལས་མང་བའི་ཚེ་སྲོག་ཤོར་ཡོད་པ་དང་། ས་ཡོམ་དེའི་རྐྱེན་གྱིས་སིགྷི་ལི་གྲོང་སྡེ་ནས་སྤྱི་ལེ་༡༡༢ གྱི་མཚམས་སུ་ཆགས་པའི་ཨ་ཆེ་ཞིང་ཆེན་གྱི་རྒྱལ་ས་བྷན་ཌ་ལ་ཡང་འདར་ཡོམ་བྱུང་ཡོད་འདུག མ་གཞི་ཨིན་ཌོ་ནེ་ཤི་ཡ་ནི་མེ་རི་འཕྱུར་སའི་ལྟེ་གནས་ཤིག་ཏུ་ཆགས་ཡོད་རྐྱེན་ས་ཡོམ་ཡང་ཡང་རྒྱག་གི་ཡོད་འདུག་ལ། ལོ་འདི་ལ་ཡང་གླིང་ཕྲན་དེར་ས་ཡོམ་ཐེངས་ཁ་ཤས་བརྒྱབ་ཡོད་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།