ཨུ་ཏར་ཁན་ཌེ་མངའ་སྡེའི་ནང་འགྲིམ་འགྲུལ་རླངས་འཁོར་ཟག་ནས་མི་༢༡ གྲོངས་འདུག
རྒྱ་གར་ཨུ་ཏར་ཁན་ཌེ་མངའ་སྡེའི་ནང་འགྲིམ་འགྲུལ་རླངས་འཁོར་ཟག་ནས་ཉུང་མཐར་གནས་བསྐོར་བ་༢༡ འདས་གྲོངས་དང་། ༧ ལ་རྨས་སྐྱོན་ཤོར་ཡོད་འདུག
དེ་ཡང་ཟླ་འདིའི་ཕྱི་ཚེས་༢༤ ཉིན་རྒྱལ་སྤྱིའི་གསར་ལམ་ཁག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་འདིའི་ཕྱི་ཚེས་༢༣ གྱི་ཕྱི་དྲོར་རྒྱ་གར་ཧི་མ་ལ་ཡའི་ས་ཁུལ་གྱི་མངའ་སྡེ་ཨུ་ཏར་ཁན་ཌེ་ནང་། གནས་བསྐོར་བའི་འགྲིམ་འགྲུལ་རླངས་འཁོར་ཞིག་ཁ་ལོ་བས་སྟངས་འཛིན་མ་ཐུབ་ནས། རླངས་འཁོར་རྒྱུགས་ཆུ་བཞུར་སའི་གཅོང་རོང་དུ་ཟག་སྟེ། ཉུང་མཐར་མི་༢༡ འདས་གྲོངས་དང་། མི་༧ ལ་རྨས་སྐྱོན་ཤོར་ཡོད་འདུག་ལ། ད་བར་འདས་གྲོངས་སུ་སོང་བ་༡༧ གྱི་ཕུང་པོ་རྒྱུག་ཆུའི་ནང་ནས་རྙེད་ཡོད་ཀྱང་། ལག་སོན་མ་བྱུང་བའི་ཕུང་པོ་རྣམས་མྱུར་སྐྱོབ་རུ་ཁག་གིས་འཚོལ་བཞིན་ཡོད་འདུག
གནས་བསྐོར་བ་དེ་དག་ནི་རྒྱ་གར་མ་དྷི་ཡ་མངའ་སྡེ་ནས་ཡིན་ཞིང་། ཨུ་ཏར་ཁན་ཌེ་མངའ་སྡེའི་ནང་དུ་གནས་བསྐོར་ཆོས་མཇལ་བྱས་ཟིན་ཏེ། མངའ་སྡེའི་ས་གནས་གྷང་གྷོ་ཏི་རི་ནས་ཕྱིར་སོ་སོའི་ས་གནས་སུ་ལོག་པའི་ལམ་བར་ནས་དོན་རྐྱེན་དེ་བྱུང་བ་ཡིན་འདུག
དོན་རྐྱེན་དེའི་ཐོག་མ་དྷི་ཡ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱིས་སྤྱི་ཚོགས་དྲ་ལམ་ཊུ་ཊེར་ནང་། གནས་ཚུལ་དེ་ནི་ན་ཟུག་ཅན་ཞིག་ཡིན་པ་དང་། གཞན་ཡང་འདས་གྲོངས་སུ་གྱུར་པའི་མི་༢༡ གི་ཁྱིམ་ཚང་ལ་གུན་གསབ་ཏུ་ཧིན་སྒོར་འབུམ་༢ རེ་སྤྲད་རྒྱུ་ཡིན་སྐོར་བསྒྲགས་ཡོད་འདུག
དེ་བཞིན་ཨུ་ཏར་ཁན་ཌེ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱིས་རྨས་སྐྱོན་ཤོར་བ་རྣམས་ས་གནས་ཀྱི་སྨན་ཁང་ནས་སྨན་བཅོས་བྱེད་བཞིན་ཡོད་སྐོར་བཅས་བརྗོད་ཡོད་འདུག
རྒྱ་གར་ཨུ་ཏར་ཁན་ཌེ་མངའ་སྡེ་ནི་ལོ་ལྟར་གནས་བསྐོར་ཆོས་འཇལ་བ་མང་པོ་ཡོད་པའི་ས་གནས་ཤིག་ཡིན་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།
