ཨུ་རུ་སུའི་གཞུང་དམག་དང་སྒེར་དམག་བར་གྱི་རྩོད་རྙོག་རྣོ་ངར་ཅན་ཞིག

ཨུ་རུ་སུས་ཡུག་རེན་ནང་བཙན་འཛུལ་བྱས་ནས་ད་ཆར་ལོ་གཅིག་དང་ཟླ་བ་གསུམ་ཙམ་འགྲོ་བཞིན་པའི་སྐབས་འདིར། ཨུ་རུ་སུའི་སྲིད་འཛིན་པུ་ཌིན་གྱི་གྲོགས་པོ་ཞིག་གིས་བཙུགས་པའི་སྒེར་དམག་ཝེ་གྷ་ནར་(Wagner)ཚོགས་པ་དང་གཞུང་དམག་བར་རྩོད་རྙོག་རྣོ་ངར་ཅན་ཞིག་འབྱུང་བཞིན་ཡོད་འདུག 

ཕྱི་ཟླ་༦ ཚེས་ ༡༡ ཉིན་སྦེ་སྦེ་སི་གསར་ཁང་གི་གནས་ཚུལ་ལྟར་ན།
ཕྱི་ཚེས་༡༠ ཉིན་ཨུ་རུ་སུའི་བདེ་སྲུང་བློན་ཆེན་གཞོན་པས་བརྗོད་དོན་ལ། དང་བླངས་དམག་མིའི་སྒྲིག་འཛུགས་རྣམས་ཨུ་རུ་སུའི་བདེ་སྲུང་ཁོངས་སུ་འཛུལ་རྒྱུའི་གྲོས་མཐུན་དེ་ཕྱི་ཟླ་༧ ཚེས་༡ སྔོན་ལ་འཇོག་དགོས་ཡོད་ཅེས་བརྗོད་ཡོད་འདུག ཝེ་གྷ་ནར་ཚོགས་པ་ནི་ཨུ་རུ་སུའི་སྲིད་འཛིན་པུ་ཌིན་གྱི་གྲོགས་པོ་ཉེ་བོ་ཞིག་གིས་བཙུགས་པ་ཡིན་ཞིང་། ཚོགས་པ་དེ་ཡུག་རེན་ནང་དམག་འཁྲུག་མ་བྱུང་སྔོན་ནས་ཡོད་པ་ཞིག་ཡིན་འདུག་པ་དང་། འདས་པའི་དུས་ཡུན་ནང་ཡུག་རེན་ནང་དམག་འཁྲུག་བྱུང་བ་ནས་བཟུང་ཝེ་གྷ་ནར་ཚོགས་པ་དང་ཨུ་རུ་སུའི་བདེ་སྲུང་དམག་མིའི་བར་འགལ་ཟླ་དུ་མ་བྱུང་ཡོད་འདུག ད་ཆར་ཝེ་གྷ་ནར་ཚོགས་པའི་འགོ་པ་ཡེབ་གྷེ་ནི་པ་རི་གྷོ་ཞོན་( Yevgeny Prigozhin)གྱིས་སྒེར་གྱི་གོ་གནས་རག་ཐབས་ཆེད་སྒེར་དམག་དེ་ཉར་བཞིན་ཡོད་ཚུལ་རྗོད་བཞིན་འདུག་ལ། ཨུ་རུ་སུའི་བདེ་སྲུང་བློན་ཆེན་( Sergei Shoigu) དང་དམག་མིའི་བཀོད་འདོམས་པ་(Valery Gerasimav) གཉིས་དང་ལྷན་དུ་རྩོད་རྙོག་ཐེངས་མང་བྱུང་ཡོད་འདུག གཟའ་ཉི་མའི་ཉིན་ཝེ་གྷ་ནར་ཚོགས་པའི་འགོ་པ་གྷོ་ཞོན་གྱིས་ཁོང་ཁྲོ་ཆེན་པོས་བརྗོད་དོན་ལ། ཁོ་རང་གི་སྒེར་དམག་ཚོགས་པ་ཨུ་རུ་སུའི་བདེ་སྲུང་ཁོངས་སུ་འཛུལ་རྒྱུར་ངོ་རྒོལ་བྱེད་རྒྱུ་ཡིན་པ་དང་། ཨུ་རུ་སུའི་བདེ་སྲུང་དམག་མིའི་ཁོངས་སུ་འཛུལ་བ་ཡིན་ན་ཁོ་རང་གི་དམག་མིའི་ནུས་པ་ཉམས་འགྲོ་རྒྱུ་ཡིན་ཚུལ་བརྗོད་འདུག 

ཝེ་གྷ་ནར་ཚོགས་པའི་དམག་མི་རྣམས་ཀྱིས་ཡུག་རེན་ནང་དམག་འཁྲུག་ཁྲོད་མདུན་དུ་ཐོན་ནས་ཡུག་རེན་གྱི་དམག་མི་དང་མི་སེར་སྟོང་ཚོ་མང་པོ་བསད་ཡོད་འདུག ཚོགས་པ་དེའི་ནང་ཁྱོན་དམག་མི་ཁྲི་༥ ཡོད་འདུག་པ་དང། དམག་མི་ཁྲི་༤ ནི་ཨུ་རུ་སུའི་བཙོན་པ་ཡིན་འདུག ཉེ་ཆར་ཨུ་རུ་སུའི་བདེ་སྲུང་བློན་ཆེན་གཞོན་པས་གསལ་བསྒྲགས་བྱས་དོན་ལ་དང་བླངས་དམག་མིའི་སྒྲིག་འཛུགས་ཁག་ཨུ་རུ་སུའི་བདེ་སྲུང་ཁོངས་སུ་འཛུལ་དགོས་པ་དང། དེ་ཡང་ཨུ་རུ་སུའི་དམག་གི་ནུས་པ་མཉམ་སྤུང་ཡོང་ཐབས་ཆེད་ཡིན་ཚུལ་བརྗོད་འདུག དེ་བཞིན་དང་བླངས་དམག་མི་རྣམས་ཁྲིམས་མཐུན་ཆགས་ཐབས་དང་རྒྱལ་ཁབ་ཀྱི་མངོན་འདོད་སྒྲུབ་ཆེད་དུ་བདེ་སྲུང་ཁོངས་སུ་འཛུལདགོས་ཚུལ་བརྗོད་ཡོད་ཀྱང། ཝེ་གྷ་ནར་ཚོགས་པའི་འགོ་པས་ངོས་ལེན་བྱེད་ཀྱི་མི་འདུག འདས་པའི་བདུན་ཕྲག་ནང་ཝེ་གྷ་ནར་དང་བླངས་ཚོགས་པ་དང་གཞུང་གི་བདེ་སྲུང་དམག་མིའི་བར་འགལ་ཟླ་ཇེ་ཆེར་ཕྱིན་ནས། བདུན་ཕྲག་སྔོན་མར་གཞུང་གི་བདེ་སྲུང་དམག་མིའི་བཀོད་འདོམས་པ་( Lt Col roman Venevitin) གྱིས་ཝེ་གྷ་ནར་གྱི་རླངས་འཁོར་ལ་མེ་མདའ་བརྒྱབས་ཡོད་ཚུལ་བརྗོད་ནས་ཝེ་གྷ་ནར་དམག་མིས་ཁོ་བཙན་ཁྲིད་བྱས་ཡོད་འདུག ཝེ་གྷ་ནར་ཚོགས་པ་དེ་ཨུ་རུ་སུའི་ལག་ཆ་ལྟ་བུར་གྱུར་ནས་ཨ་ཧྥི་རི་ཀའི་རྒྱལ་ཁབ་མང་པོའི་ནང་ཁྲིམས་འགལ་གྱི་བྱ་སྤྱོད་དུ་མ་སྤེལ་བཞིན་ཡོད་འདུག་པས། ཨ་རི་དང་ཡུ་རོབ་རྒྱལ་ཁབ་ཁ་ཤས་ཀྱིས་ཝེ་གྷ་ནར་ཚོགས་པ་དེ་དྲག་སྤྱོད་པའི་ཚོགས་པ་ཞིག་ཡིན་ཚུལ་རྗོད་མཁན་ཡོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།