ཨུ་རུ་སུའི་ཉེན་བརྡ་ཧྥིན་ལན་ཌའི་འགོ་ཁྲིད་ཚོས་སྣང་མེད་བཏང་འདུག
ཨུ་རུ་སུས་རང་གི་ཁྱིམ་མཚེས་རྒྱལ་ཁབ་དང་ཤར་ཡུ་རོབ་ཁུལ་གྱི་རྒྱལ་ཁབ་ཚོས་བྱང་ཆིངས་སྒྲིག་འཛུགས་ཀྱི་ཚོགས་མིར་ཞུགས་རྒྱུར་དགག་བྱ་དང་ཉེན་བརྡ་གཏོང་བཞིན་ཡོད་ཀྱང་། ཁྱིམ་མཚེས་རྒྱལ་ཁབ་ཧྥིན་ལན་ཌའི་སྲིད་འཛིན་དང་སྲིད་བློན་གྱིས་བྱང་ཆིངས་སྒྲིག་འཛུགས་སུ་འཛུལ་རྒྱུའི་ཐག་གཅོད་བྱས་འདུག
ཟླ་༥ པའི་ཚེས་༡༣ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཚེས་༡༢ ཉིན་ཤར་ཡུ་རོབ་ཀྱི་རྒྱལ་ཁབ་ཧྥིན་ལན་ཌའི་སྲིད་འཛིན་དང་སྲིད་བློན་གཉིས་ཀྱིས་རྒྱལ་ཁབ་དེ་བྱང་ཆིངས་སྒྲིག་འཛུགས་ཀྱི་ཚོགས་མིར་ཞུགས་རྒྱུའི་རྒྱབ་སྐྱོར་ཡོད་པའི་གསལ་བསྒྲགས་སྤེལ་འདུག་པ་དང་། ཁོང་གཉིས་ཀྱིས་བྱང་ཆིངས་སྒྲིག་འཛུགས་སུ་འཛུལ་ཚེ་རྒྱལ་ཁབ་དེའི་བདེ་སྲུང་ལས་དོན་གྱི་ནུས་ཤུགས་ཆེ་རུ་གཏོང་བར་ཕན་ཐོགས་རྒྱུ་ཡིན་པ། དེ་བཞིན་ཚོགས་པ་དེའི་ཚོགས་མིར་འཛུལ་ཚེ་སྒྲིག་འཛུགས་དེའི་ཁྱོན་ཡོངས་ཀྱི་བདེ་སྲུང་ལ་ཡང་ཕན་ཐོགས་རྒྱུ་ཡིན་པས། ཚོགས་མིར་ཞུགས་པའི་ལས་དོན་ཕྱིར་འགྱངས་གང་ཡང་མེད་པར་འགོ་འཛུགས་བྱེད་དགོས་པ་དང་། རྒྱལ་ནང་དུ་ཚོགས་མིར་ཞུགས་པའི་བརྒྱུད་རིམ་རྣམས་ཉིན་ཤས་ནང་གང་མགྱོགས་འགྲོ་ཐུབ་པའི་རེ་བ་ཡོད་སྐོར་བརྗོད་འདུག
དེ་ཡང་བྱང་ཆིངས་སྒྲིག་འཛུགས་ཀྱི་ཚོགས་མིར་ཞུགས་མིན་ཐད། རྒྱལ་ཁབ་དེའི་གྲོས་ཚོགས་ཀྱིས་ཐག་གཅོད་བྱེད་དགོས་ཀྱི་ཡོད་འདུག
ཧྥིན་ལན་ཌ་ནི་ཨུ་རུ་སུའི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་དང་། ཕྱོགས་གཉིས་བར་སྤྱི་ལེ་༡༣༠༠ ཅན་གྱི་ས་མཚམས་ཡོད་པ་རེད་འདུག ཨུ་རུ་སུས་བྱང་ཆིངས་སྒྲིག་འཛུགས་ཀྱི་ཤུགས་རྐྱེན་རྒྱ་སྐྱེད་གཏོང་བའི་ལས་དོན་དེ་བདེ་སྲུང་གི་ཉེན་ཁར་ངོས་འཛིན་བྱེད་ཀྱི་ཡོད་པས། དེ་སྔོན་ཡང་ཧྥིན་ལན་ཌར་གལ་སྲིད་སྒྲིག་འཛུགས་དེར་འཛུལ་ཚེ་མཇུག་འབྲས་ཡག་པོ་འབྱུང་རྒྱུ་མིན་པའི་ཉེན་བརྡ་བཏང་མྱོང་བ་དང་། ཐེངས་འདིར་ཡང་ཨུ་རུ་སུའི་ཕྱི་སྲིད་ལས་ཁང་གིས་ཧྥིན་ལན་ཌའི་ཕྱི་འབྲེལ་སྲིད་བྱུས་ལ་འགྱུར་བ་ཤུགས་ཆེན་བཏང་ཡོད་པས། རྒྱལ་ཁབ་དེའི་གཞུང་གིས་འགན་ཁུར་དང་མཇུག་འབྲས་ཤེས་ཀྱི་ཡོད་ཤག་ཡིན་པ། ཨུ་རུ་སུས་དམག་གི་ལས་དོན་དང་ལམ་ཁ་གཞན་བརྒྱུད་ནས་རྒྱལ་ཁབ་ཀྱི་བདེ་སྲུང་ལ་ཡོད་པའི་ཉེན་ཁ་དེར་ཕར་རྒོལ་བྱེད་དགོས་པ་ཆགས་རྒྱུ་ཡིན་སྐོར་བརྗོད་འདུག
ཨུ་རུ་སུ་གཞུང་གི་མགྲིན་ཚབ་པས་བརྗོད་དོན་ལ། བྱང་ཆིངས་སྒྲིག་འཛུགས་ལ་འཛུལ་ནས་ཧྥིན་ལན་ཌའི་བདེ་སྲུང་གི་ནུས་ཤུགས་ཆེ་རུ་འགྲོ་རྒྱུར་ཕན་ཐོགས་རྒྱུ་མིན་པ་དང་། དེ་སྔོན་ནས་ཐེངས་མང་པོ་བརྗོད་མྱོང་བ་ལྟར། བྱང་ཆིངས་སྒྲིག་འཛུགས་ཀྱི་རྒྱ་བསྐྱེད་ལས་དོན་ལ་བརྟེན་ནས་འཛམ་གླིང་བརྟན་ལྷིངས་དང་བདེ་འཇགས་ཆེ་རུ་འགྲོ་རྒྱུ་མིན་པ། སྒྲིག་འཛུགས་དེས་ཨུ་རུ་སུའི་ས་མཚམས་སུ་དམག་དོན་ལས་དོན་གང་འདྲ་སྤེལ་གྱི་ཡོད་མེད་དང་བསྟུན་ནས། ཨུ་རུ་སུས་ཡ་ལན་སློག་རྒྱུ་ཡིན་སྐོར་བརྗོད་འདུག
ཨུ་རུ་སུས་ཡུག་ཀེ་རན་ནང་བཙན་འཛུལ་བྱས་པ་ནས་བཟུང་། ཧྥིན་ལན་ཌ་ནང་གི་བསམ་ཚུལ་བསྡུ་ལེན་ཁག་ཅིག་གི་གྲུབ་དོན་དུ། བྱང་ཆིངས་སྒྲིག་འཛུགས་སུ་འཛུལ་བར་རྒྱབ་སྐྱོར་བྱེད་མཁན་གྱི་མང་ཚོགས་དེ་བརྒྱ་ཆ་༣༠ ནས་༨༠ ལ་ཉེ་བར་འཕར་ཡོད་པ་རེད་འདུག
བྱང་ཆིངས་སྒྲིག་འཛུགས་ཀྱི་དྲུང་ཆེས་ཧྥིན་ལན་ཌ་གཞུང་གི་ཐག་གཅོད་དེར་དགའ་བསུ་བྱས་ཏེ། གལ་ཏེ་རྒྱལ་ཁབ་དེ་སྒྲིག་འཛུགས་ཀྱི་ཚོགས་མིར་ཞུགས་ཚེ། ཕྱོགས་གཉིས་ཀའི་བདེ་སྲུང་ལ་ཕན་ཐོགས་རྒྱུ་ཡིན་པ། ཚོགས་མིར་ཞུགས་རྒྱུའི་བརྒྱུད་རིམ་དེ་མགྱོགས་པོ་དང་ལས་སླ་པོ་འབྱུང་རྒྱུ་ཡིན་སྐོར་བརྗོད་འདུག
དམག་ཆེན་གཉིས་པའི་རྗེས་སུ་ཧྥིན་ལན་ཌས་ཨུ་རུ་སུར་འཁྲུག་རྐྱེན་མི་སློང་བའི་ཆེད་དུ། དམག་དོན་ཐོག་བར་གནས་བྱེད་རྒྱུ་ཐག་བཅད་ཡོད་པས། གལ་ཏེ་ཐེངས་འདིར་གྲོས་ཚོགས་ཀྱིས་བྱང་ཆིངས་སྒྲིག་འཛུགས་ནང་དུ་འཛུལ་རྒྱུ་ཐག་གཅོད་བྱས་ཚེ། ཨུ་རུ་སུ་དང་ནུབ་ཕྱོགས་ཀྱི་རྒྱལ་ཁབ། དེ་བཞིན་འཛམ་གླིང་ཡོངས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཉེན་ཡོད་པ་རེད་འདུག
ཧྥིན་ལན་ཌའི་ཁྱིམ་མཚེས་རྒྱལ་ཁབ་སཱེ་ཝི་ཌན་གྱིས་ཀྱང་བྱང་ཆིངས་སྒྲིག་འཛུགས་ནང་ཞུགས་མིན་གྱི་ཐག་གཅོད་གསལ་བསྒྲགས་གང་མགྱོགས་བྱེད་རྒྱུ་ཡིན་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།