ཨུ་རུ་སུའི་ཟམ་ཆེན་ལ་གཏོར་རྒོལ་ཕོག་པ།

ཟླ་འདིའི་ཚེས་༡༨ ་ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་འདིའི་ཚེས་༡༧ ་ཉིན་གྱི་ཞོགས་པ་ཨུ་རུ་སུའི་རླངས་འཁོར་དང་མེ་འཁོར་འགྲོ་སའི་ལམ་གཉིས་ཅན་གྱི་ཟམ་ཆེན་ལ་གཏོར་རྒོལ་བྱུང་ཡོད་པ་དང་། ཨུ་རུ་སུ་དང་ཡུག་རེན་བར་དམག་འཁྲུག་ལངས་ནས་བཟུང་ཟམ་ཆེན་དེ་ལ་གཏོར་རྒོལ་ཐེབས་པ་ཐེངས་གཉིས་པ་དེ་ཆགས་ཡོད་པ་དང་། ཐེངས་འདིའི་གཏོར་རྒོལ་ཁྲོད་མི་སེར་གཉིས་ཀྱི་ཚེ་སྲོག་ཤོར་ཡོད་འདུག

སྐབས་དེར་ཨུ་རུ་སུའི་སྲིད་འཛིན་གྱིས་ཀབ་ཆི་(Kerch)་ཟམ་ཆེན་དེ་དམག་མིའི་དགོས་མཁོའི་ཆེད་བེད་སྤྱོད་མ་བཏང་ནས་ཡུན་རིང་ཕྱིན་པ་རེད། ཟམ་ཆེན་ལ་གཏོར་རྒོལ་བྱས་པ་ནི་མི་སེར་གྱི་རྒྱུ་དངོས་ལ་གཏོར་རྒོལ་བྱས་པའི་དྲག་སྤྱོད་ཀྱི་བྱ་སྤྱོད་ཅིག་རེད་ཅེས་བརྗོད་ནས་ཟམ་ཆེན་གཏོར་རྒོལ་བྱས་པའི་ཉེས་ཁག་ཡུག་རེན་ལ་དཀྲིས་ཡོད་ཀྱང་ཡུག་རེན་གྱིས་ཁས་ལེན་བྱས་མེད་པ་རེད་འདུག

ཕྱི་ལོ་༢༠༡༤ ལོར་ཨུ་རུ་སུས་ཡུག་རན་གྱི་ལྷོ་ཕྱོགས་ས་ཁུལ་ཁི་རེ་མེ་ཡ་(Cremea) ་ལ་དབང་བསྒྱུར་བྱས་རྗེས། ཨུ་རུ་སུས་ཕྱོགས་གཉིས་ཀྱི་བར་དུ་འཛུགས་བསྐྲུན་བྱས་པའི་ཟམ་ཆེན་ཞིག་ཆགས་ཡོད་འདུག ཨུ་རུ་སུས་ཨ་སྒོར་ཐེ་འབུམ་༣.༦ ཙམ་གྱི་འགྲོ་སོང་བཏང་ནས་ཟམ་ཆེན་དེ་འཛུགས་སྐྲུན་བྱས་ཡོད་པ་དང་། ཕྱི་ལོ་༢༠༡༨ ་ལོར་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་གྱིས་དབུ་འབྱེད་གནང་ཡོད་པ་ཞིག་ཆགས་ཡོད་འདུག

ཕྱི་ལོ་༢༠༢༢ ཟླ་༢ ཚེས་༢༤ ཉིན་ཨུ་རུ་སུས་ཡུག་རེན་བཙན་འཛུལ་བྱེད་པའི་སྐབས། ཨུ་རུ་སུས་ཟམ་ཆེན་དེ་བརྒྱུད་ནས་དམག་དཔུང་དྲངས་ཡོད་འདུག་ལ། ཆབ་སྲིད་ཐོག་ནས་ཕུ་ཊན་གྱི་བྱས་རྗེས་ཀྱི་མཚོན་རྟགས་གལ་ཆེན་ཞིག་དང་། དམག་དོན་གྱི་ཆ་ནས་ད་ལྟ་ཡུ་ཁུ་རེན་གྱི་ལྷོ་ཕྱོགས་སུ་ཡོད་པའི་ཨུ་རུ་སུའི་དམག་དཔུང་གི་རྒྱབ་རྟེན་གཙོ་བོ་དེ་ཆགས་ཡོད་འདུག

སྔ་ལོ་ཕྱི་ཟླ་༡༠ པའི་ནང་དོས་སྐྱེལ་རླངས་འཁོར་ཞིག་གི་ནང་དུ་འབར་མདེལ་བཀད་ནས་ཀབ་ཆེ་ཟམ་ཆེན་ལ་གཏོར་སྐྱོན་ཕོག་ཡོད་པ་དང་། སྐབས་དེར་ཨུ་རུ་སུའི་གཞུང་གིས་ཟམ་ཆེན་ལ་གཏོར་རྒོལ་ཕོག་པའི་ཉེས་ཁག་ཡུག་རེན་ལ་དཀྲིས་ཀྱང་། ཡུག་རེན་གྱིས་གཏོར་རྒོལ་བྱས་པའི་ཉེས་ཁག་ངོས་ལེན་བྱས་མེད་པ་རེད་འདུག

ཟམ་ཆེན་གཏོར་བའི་རྗེས་སུ་ཨུ་རུ་སུའི་དམག་དཔུང་ལ་མཚོན་ཆ་དང་སྨན། ཟ་འབྲུ་དང་དམག་དཔུང་ཁ་སྣོན་སོགས་གཏོང་ཐབས་མེད་པ་དང་ཡུག་རེན་གྱི་ས་ཐོག་ཏུ་བཀྲམ་ཡོད་པའི་ཨུ་རུ་སུའི་དམག་ལ་དཀའ་ངལ་ཡང་འཕྲད་ཡོད་འདུག

ཨུ་རུ་སུས་ཟམ་ཆེན་དེ་བརྒྱུད་ནས་ཁེ་རེ་མེ་ཡ་ལ་སྣུམ་དང་བཟའ་ཆས་ཀྱི་རིགས་སོགས་སྐྱེལ་འདྲེན་བྱེད་ཀྱི་ཡོད་འདུག་ལ། ཨུ་རུ་སུའི་དམག་འཁྲུག་གི་རྒྱབ་རྟེན་ལ་ཡང་ཟམ་ཆེན་དེ་གལ་ཆེན་ཞིག་ཆགས་ཡོད་འདུག

གསར་འགོད་པ། བློ་བཟང་རྒྱ་མཚོ།