ཨུ་རུ་སུའི་རྒྱལ་སར་ཡུག་རེན་གྱི་མི་མེད་གནམ་གྲུས་གཏོར་རྒོལ་བྱས།

ཨུ་རུ་སུ་དང་ཡུག་རེན་བར་དམག་འཁྲུག་འགོ་བཙུགས་ནས་ད་ཆར་ལོ་གཅིག་དང་ཟླ་བ་ལྔ་ལྷག་ཙམ་འགྲོ་བཞིན་ཡོད་པ་དང་།  འཕྲུལ་རིགས་འདྲ་མིན་བེད་སྤྱོད་བྱས་ནས་ཕྱོགས་སོ་སོས་དམག་འཐབ་ལ་འབད་བཞིན་པའི་སྐབས་འདིར། མི་མེད་གནམ་གྲུའམ(Drone )་ཟེར་བའི་གནམ་གྲུ་ཆུང་ཆུང་དེ་མེད་དུ་མི་རུང་བ་ཆགས་ཡོད་པ་དང་། ཨུ་རུ་སུའི་གཏོར་རྒོལ་དེས་ཡུག་རེན་གྱི་མི་རྒྱུ་གཉིས་ལ་ནམ་ཡང་གསབ་མི་ཐུབ་པའི་གྱོང་གུད་གཏོང་བཞིན་ཡོད་པའི་སྐབས་སུ། ནུབ་ཕྱོགས་རྒྱལ་ཁབ་ཀྱིས་བཟོས་པའི་མི་མེད་གནམ་གྲུ་དང་ཡུག་རེན་རང་གིས་བཟོས་པའི་མི་མེད་གནམ་གྲུ་ཡིས་གཡུལ་སའི་ཁྲོད་ནུས་པ་ཆེན་པོ་ཐོན་གྱི་ཡོད་འདུག

ཕྱི་ཚེས་༣༡ ཉིན་སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལ། གཟའ་ཉི་མའི་ཉིན་ཨུ་རུ་སུའི་རྒྱལ་སར་ཡུག་རེན་གྱི་མི་མེད་གནམ་གྲུ་ཡིས་གཏོར་རྒོལ་བཏང་ཡོད་འདུག་ལ། ཨུ་རུ་སུའི་མི་ཡང་ཤི་རྨས་བྱུང་ཡོད་པ་ཨུ་རུ་སུའི་བདེ་སྲུང་བློན་ཆེན་གྱིས་བརྗོད་ཡོད་འདུག ཡུག་རེན་གྱིས་མི་མེད་གནམ་གྲུ་གསུམ་བཏང་ཡོད་ཀྱང་། གཉིས་ཨུ་རུ་སུའི་གནམ་དམག་གིས་གཏོར་ཡོད་པ་དང་། གཅིག་གཏོར་མ་ཐུབ་ནས་ཨུ་རུ་སུའི་རྒྱལ་སའི་ནང་གི་ཁང་བརྩེགས་ཤིག་ལ་གཏོར་རྒོལ་བྱས་པའི་རྐྱེན་གྱིས་ཨུ་རུ་སུའི་མི་མང་ལ་འཇིགས་སྐྲག་ཆེན་པོ་སྐྱེ་བཅུག་ཡོད། སྤྱིར་བཏང་ཕྱི་ཟླ་༧ གཅིག་པུར་ནང་མི་མེད་གནམ་གྲུ་ཡིས་གཏོར་རྒོལ་ཐེངས་བཞི་བྱས་ཡོད་ཀྱང་། གཏོར་རྒོལ་བྱེད་ཡུལ་ནི་ཨུ་རུ་སུའི་དམག་གི་རྟེན་གཞི་དང་། གཞུང་གི་ལྟེ་གནས་སོགས་གང་ལ་ཡང་མ་དམིགས་པར། གཙོ་བོ་ཨུ་རུ་སུའི་མི་མང་ལ་འཇིགས་སྐུལ་བྱེད་ཆེད་ཡིན་པ་སྲིད་དོན་དཔྱད་བརྗོད་པ་དག་གིས་རྗོད་ཀྱི་ཡོད་འདུག རྒྱུ་མཚན་ནི་ཨུ་རུ་སུའི་མི་མང་ལ་འཇིགས་སྣང་སླེབས་ཚེ་མི་མང་གིས་གཞུང་ལ་གནོད་ཤུགས་སྤྲད་ནས་གང་མགྱོགས་དམག་མཚམས་འཇོག་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཚུལ་རྗོད་ཀྱི་ཡོད་འདུག་ལ། ཨུ་རུ་སུ་དང་ཡུག་རེན་བར་དམག་འཁྲུག་འགོ་བཙུགས་པ་ནས་བཟུང་། ཨུ་རུ་སུའི་མི་མང་རྣམས་སྲུང་སྐྱོབ་གྱི་ཆེད་དུ་རང་ཁྱིམ་གྱི་ཕྱི་ཕྱོགས་སུ་མགྱོགས་ཟས་རིགས་ཟ་བ་དང་། ཕྱིར་འཁྱམ་འཁྱམ་སོགས་ཕྱིན་ནས་ལྷོད་ལྷོད་སྡོད་ས་མེད་པ་ཡིན་འདུག  

ཡུག་རེན་གྱི་སྲིད་འཛིན་ཛེ་ལིན་སི་ཀིས་བརྗོད་དོན་ལ་ཨུ་རུ་སུས་གཏོར་རྒོལ་གྱིས་ཡུག་རེན་གྱི་མི་རྒྱུ་གཉིས་ལ་གསབ་ཐབས་མེད་པའི་གྱོང་གུད་སྤྲོད་བཞིན་ཡོད་པས། ཡུག་རེན་གྱིས་ཨུ་རུ་སུ་ལ་ཕར་རྒོལ་བྱས་པ་ནི་འོས་ཤིང་འཚམས་པ་རེད་ཅེས་བརྗོད་འདུག འོན་ཀྱང། ཨུ་རུ་སུའི་སྲིད་འཛིན་ཟུར་པས་( Dmitry Medvedee )བརྗོད་དོན་ལ་གལ་སྲིད་ཡུག་རེན་གྱིས་ཨུ་རུ་སུའི་ས་ཆ་བཙན་བཟུང་བྱས་ཚེ་ཨུ་རུ་སུས་རྡུལ་ཕྲན་མཚོན་ཆ་གཡུག་རྒྱུ་ཡིན་པ་ཉེན་བརྡ་བཏང་ཡོད་འདུག ཨ་རིའི་གཞུང་གིས་ཡུག་རེན་ལ་བརྗོད་དོན་ལ་རང་ས་སྲུང་སྐྱོབ་བྱེད་པ་ལས་ཨུ་རུ་སུའི་ནང་དོན་མེད་གཏོར་རྒོལ་བྱེད་མི་ཉེན་ཚུལ་བརྗོད་འདུག ད་བར་ཡུག་རེན་གྱིས་ཨུ་རུ་སུའི་ས་ཐོག་ལ་མི་མེད་གནམ་གྲུ་ཡིས་གཏོར་རྒོལ་ཐེངས་མང་བྱས་ཡོད་འདུག་ལ། གཏོར་རྒོལ་འགའ་ཤས་ཨུ་རུ་སུ་དང་ཡུག་རེན་གྱི་ས་མཚམས་ལ་ཡོད་པའི་ཨུ་རུ་སུའི་དམག་གི་རྟེན་གཞི་ཁག་དང་། སྣུམ་མཛོད། དེ་བཞིན་གཞུང་ལམ་སོགས་གཏོར་རྒོལ་ཐེངས་མང་བྱས་ཡོད་འདུག ད་ཆར་ཡུག་རེན་གྱིས་མི་མེད་གནམ་གྲུ་གང་མང་བཟོ་སྐྲུན་བྱེད་བཞིན་ཡོད་འདུག་ལ། ཡུག་རེན་གྱིས་བཟོས་པའི་མི་མེད་གནམ་གྲུའི་མིང་ལ (R18 )ཟེར་བ་དེ་ཁྱོན་ཀི་ལོ་མི་ཊར་༤༥༠ ཙམ་འཕུར་ཐུབ་ཀྱི་ཡོད་པ་དང་། ཡུག་རེན་གྱི་རྒྱལ་ས་ནས་ཨུ་རུ་སུའི་རྒྱལ་ས་བར་ཕར་འཕུར་ནས་གཏོར་རྒོལ་བྱས་རྗེས་ཚུར་ལོག་ཐུབ་ཀྱི་ཡོད་འདུག 

དེ་བཞིན་ཏུར་ཀི་ཡིས་བཟོས་པའི་མིི་མེད་གནམ་གྲུ་(Bayraktar TB2)ཟེར་བ་དེ་ཡུག་རེན་ལ་ཟླ་སྔོན་མའི་ནང་མང་པོ་བཙོངས་ཡོད་འདུག་ལ། ད་ཆར་དམག་སའི་ཁྲོད་མི་མེད་གནམ་གྲུ་དེ་ཡིས་ནུས་པ་ཆེན་པོ་ཐོན་གྱི་ཡོད་འདུག ནུབ་ཕྱོགས་རྒྱལ་ཁབ་དག་གིས་ཨུ་རུ་སུའི་གོ་མཚོན་རྫོགས་བཞིན་ཡོད་ཚུལ་བརྗོད་ཀྱི་ཡོད་ཀྱང་། འདི་ལོ་གཅིག་པུའི་ནང་ཨུ་རུ་སུས་དམག་གི་གྲུ་གཟིངས་༣༠ གསར་བཟོས་བྱས་ཡོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།