ཨུ་རུ་སུས་དབྱིན་ཡུལ་གྱི་འོས་བསྡུར་ཡང་ཐེ་བྱུས་བྱས་ཡོད་འདུག 

ཕྱི་ལོ་༢༠༡༦ ལོའི་ཨ་རིའི་སྲིད་འཛིན་འོས་བསྡུར་ཨུ་རུ་སུས་ཐེ་བྱུས་བྱས་ཏེ། འོས་བསྡུར་ཤུགས་རྐྱེན་སྤྲད་ཐུབ་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། གནས་ཚུལ་གསར་པ་ཞིག་ལ་ཕྱི་ལོ་༢༠༡༩ ལོའི་དབྱིན་ཡུལ་གྱི་གྲོས་ཚོགས་འོས་བསྡུར་ཡང་། ཨུ་རུ་སུས་ཐེ་བྱུས་བྱས་ཏེ་ཤུགས་རྐྱེན་སྤྲོད་ཐབས་བྱས་ཡོད་འདུག 

ཟླ་༨ པའི་ཚེས་༣ ཉིན་དབྱིན་ཡུལ་གྱི་རྒྱལ་སྤྱིའི་བརྒྱུད་ལམ་བྷི་བྷི་སི་ཐོག་ཏུ་གནས་ཚུལ་སྤེལ་བར་ལྟར་ན། ཕྱི་ལོ་༢༠༡༩ ལོའི་དབྱིན་ཡུལ་གྱི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུའི་ཉིན་མོའི་སྔོན་དུ། དབྱིན་ཡུལ་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་བྱས་རྗེས། ཨ་རི་དང་དབྱིན་ཡུལ་གྱི་ཚོང་འབྲེལ་ཐོག་འཚོགས་པའི་གྲོས་མོལ་གྱི་གསང་བའི་ཡིག་ཆ་དྲ་ཐོག་ཏུ་ཁྱབ་སྤེལ་སོང་ཡོད་པ་དང་། སྐབས་དེའི་གཞུང་འཛིན་རྙིང་ཞེན་ཚོགས་པ་ཡིན་པས། ཕྱོགས་འགལ་ཚོགས་པ་གཙོ་བོ་ངལ་རྩོལ་ཚོགས་པས་ཡིག་ཆ་དེ་འོས་བསྡུ་དྲིལ་བསྒྲགས་ལས་འགུལ་ལ་བེད་སྤྱད་ཆེན་པོ་བྱས་ཡོད་འདུག 

སྐབས་དེར་ཡིག་ཆ་དེའི་གསང་བ་ཕྱིར་བསྒྲགས་སོང་བ་ལས། དེ་གང་འདྲ་དང་སུས་བརྐུས་པའི་གནས་ཚུལ་གང་ཡང་ཕྱིར་ཐོན་མེད་འདུག འོན་ཀྱང་ཉེ་ཆར་གནས་ཚུལ་ཐོན་པར་གཞིགས་ན། ཚོང་འབྲེལ་གྲོས་མོལ་གྱི་གསང་བའི་ཡིག་ཆ་དེ་སྐབས་དེའི་དབྱིན་ཡུལ་གྱི་རྒྱལ་སྤྱིའི་ཚོང་འབྲེལ་དྲུང་ཆེ་དང་། རྙིང་ཞེན་ཚོགས་པའི་གྲོས་ཚོགས་འཐུས་མི་ལཱིམ་ཧྥོག་སེ་ཞེས་པ་དེའི་གློག་འཕྲིན་ནས་བརྐུ་ཤོར་ཡོད་པ་གསལ་པོ་ཆགས་ཡོད་འདུག དེ་ཡང་ལོ་སྔོན་མའི་ཟླ་༧ པའི་ཚེས་༡༢ ནས་ཟླ་༡༠ པའི་ཚེས་༢༡ བར་དྲ་ཐོག་འཇབ་རྒོལ་བ་ཚོས། གྲོས་ཚོགས་འཐུས་མི་ཁོང་གི་གློག་འཕྲིན་ནང་ཐེངས་མང་པོ་འཛུལ་ནས་གནས་ཚུལ་བསྡུ་རུབ་བྱས་ཡོད་པ་རེད་འདུག 

དབྱིན་ཡུལ་གཞུང་གིས་ཨུ་རུ་སུས་དབྱིན་ཡུལ་གྱི་གྲོས་ཚོགས་འོས་བསྡུར་ཤུགས་རྐྱེན་སྤྲོད་ཆེད་དུ། ཡིག་ཆ་དེ་བརྐུས་ནས་དྲ་ཐོག་ཁྱབ་སྤེལ་བཏང་ཡོད་པར་ངོས་འཛིན་བྱེད་པའི་རྒྱུ་མཚན་ཡོད་སྐོར་བརྗོད་འདུག དབྱིན་ཡུལ་གྱི་རྒྱལ་ཡོངས་ནག་ཉེས་རྟོག་ཞིབ་ཁང་གིས་གནད་དོན་དེའི་ཐོག་བརྟག་དཔྱད་བྱེད་བཞིན་ཡོད་པ་ཁས་ལེན་བྱས་འདུག 

དབྱིན་ཡུལ་གྱི་གསང་བ་དང་བདེ་འཇགས་ལྷན་ཚོགས་ཀྱིས་དབྱིན་གཞུང་གིས། ཨུ་རུ་སུའི་ཉེན་ཁར་སྣང་ཆུང་བཏང་བར་སྐྱོན་བརྗོད་ཆེན་པོ་བྱས་ཡོད་པ་རེད། ད་ལྟའི་ཆར་ཨུ་རུ་སུའི་དྲ་ཐོག་འཇབ་རྒོལ་རུ་ཁག་གང་གིས་ལས་དོན་དེ་སྤེལ་ཡོད་མེད་ར་སྤྲོད་བྱུང་བའི་གནས་ཚུལ་གང་ཡང་ཕྱིར་བསྒྲགས་བྱས་མེད་འདུག 

ཕྱི་ལོ་༢༠༡༦ ལོའི་ཨ་རིའི་སྲིད་འཛིན་དང་གྲོས་ཚོགས་འོས་བསྡུ་སྐབས་སུ། མང་གཙོ་ཚོགས་པའི་སྲིད་འཛིན་ལྕམ་ཧཱི་ལ་རི་ཡི་གློག་འཕྲིན་མང་པོ་ཞིག་དྲ་ཐོག་ཏུ་ཁྱབ་སྤེལ་སོང་ནས། སྤྱི་མཐུན་ཚོགས་པའི་གློག་འཕྲིན་གྱི་གནས་ཚུལ་དེ་འོས་བསྡུའི་དྲིལ་བསྒྲགས་ལ་བེད་སྤྱོད་ཆེན་པོ་བྱས་ཡོད་པ་རེད། རྗེས་སུ་དྲ་ཐོག་འཇབ་རྒོལ་བྱེད་མཁན་དེ་ཨུ་རུ་སུའི་དྲ་ཐོག་འཇབ་རྒོལ་རུ་ཁག་གཅིག་ཡིན་པར་ངོས་འཛིན་བྱས་ཡོད་པ་རེད།

ཨ་རིའི་སྲིད་འཛིན་འོས་ཐོབ་པ་ཊོམ་གྱིས་ཨུ་རུ་སུ་དང་ངན་པ་ལག་སྦྲེལ་གྱིས། འོས་བསྡུར་ཤུགས་རྐྱེན་སྤྲོད་ཐབས་བྱས་ཡོད་མེད་ཀྱི་ཞིབ་འཇུག་ཆེད་དུ། ཨ་རིའི་གཞུང་གི་གསང་བའི་རྟོག་ཞིབ་ལས་ཁང་གི་དམིགས་བསལ་ཚོགས་ཆུང་ཞིག་གིས། ལོ་གཉིས་རིང་ཞིབ་འཇུག་བྱས་ཏེ་མཐའ་མ་དེར་ངན་པ་ལག་སྦྲེལ་གྱི་དཔང་རྟགས་རྙེད་སོན་བྱུང་མེད་པའི་སྙན་ཐོ་བཏོན་ཡོད་པ་རེད།།

 

གསར་འགོད་པ་སྐལ་བཟང་དོན་གྲུབ།