ཨུ་རུ་སུས་ཟླ་བ་གཅིག་རིང་གི་དམག་འཁྲུག་མཚམས་འཇོག་རྒྱུར་ཡུག་རེན་ལ་ཆ་རྐྱེན་མང་པོ་བཏོན།

ཨུ་རུ་སུ་དང་ཡུག་རེན་གཉིས་བར་དམག་འཁྲུག་འགོ་བཙུགས་ནས་ལོ་གསུམ་པ་དེ་འགྲོ་བཞིན་ཡོད་པ་དང་། ཉེ་ཆར་ཨ་རིས་དམག་འཁྲུག་དེ་གནས་སྐབས་ཟླ་བ་གཅིག་རིང་མཚམས་འཇོག་བྱེད་རྒྱུར་འབད་བརྩོན་བྱེད་བཞིན་ཡོད་པ་དང་། ཡུག་རེན་གྱི་ངོས་ནས་དམག་འཁྲུག་དེ་ཟླ་བ་གཅིག་རིང་མཚམས་འཇོག་བྱེད་རྒྱུར་མོས་མཐུན་བྱས་ཡོད་འདུག་ཀྱང་། ཨུ་རུ་སུའི་སྲིད་འཛིན་གྱིས་ངོས་ལེན་བྱེད་རྒྱུ་ལས་ལྡོག་སྟེ་ཆ་རྐྱེན་མང་པོ་ཞིག་བཏོན་ནས་དམག་འཁྲུག་མཚམས་འཇོག་ཡོང་རྒྱུར་ཁག་པོ་ཆགས་ཡོད་འདུག
ཕྱི་ཚེས་༢༠ ཉིན་བྷི་བྷི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ཚེས་༡༨ ཉིན་ཨ་རིའི་སྲིད་འཛིན་ཊོམ་གྱིས་ཨུ་རུ་སུའི་སྲིད་འཛིན་དང་ལྷན་དུ་ཁ་པར་བརྒྱུད་ནས་གྲོས་མོལ་བྱས་ཡོད་འདུག་ཅིང་། སྐབས་དེ་དུས་ཆུ་ཚོད་གཉིས་ཙམ་གྱི་རིང་དམག་འཁྲུག་མཚམས་འཇོག་བྱེད་ཕྱོགས་དང་། གོ་ལའི་བདེ་འཇགས་སོགས་ཀྱི་གནད་དོན་དུ་མའི་སྐོར་གྲོས་མོལ་བྱས་ཡོད་འདུག དེ་སྔོན་ཨ་རིས་ཨུ་རུ་སུ་དང་ཡུག་རེན་གཉིས་བར་དམག་འཁྲུག་མཚམས་འཇོག་ཟླ་བ་གཅིག་རིང་བྱེད་རྒྱུའི་བསམ་འཆར་བཏོན་པ་བཞིན་ཡུག་རེན་གྱིས་ངོས་ལེན་བྱས་ཡོད་འདུག་ཀྱང་། ཨུ་རུ་སུས་གལ་སྲིད་དམག་འཁྲུག་མཚམས་འཇོག་བྱེད་དགོས་ཚེ། ཡུག་རེན་གྱི་མཐུན་ཕྱོགས་རྒྱལ་ཁབ་ཚོས་ཡུག་རེན་ལ་གོ་མཚོན་དང་། དམག་མི་སྦྱོང་བརྡར། གསང་བའི་གནས་ཚུལ་སོགས་སྤྲོད་རྒྱུ་མཚམས་འཇོག་མ་བྱས་བར་དམག་འཁྲུག་མཚམས་འཇོག་བྱེད་འདོད་མེད་ཅེས་བརྗོད་འདུག
བདུན་འདིའི་གཟའ་མིག་དམར་ཉིན་ཨུ་རུ་སུའི་སྲིད་འཛིན་དང་ཨ་རིའི་སྲིད་འཛིན་གཉིས་བར་ཁ་པར་བརྒྱུད་ནས་གྲོས་མོལ་བྱེད་དུས་ཨུ་རུ་སུའི་ངོས་ནས་ཡུག་རེན་གྱི་ནུས་ཤུགས་ཐོན་ཁུངས་དང་། འཛུགས་སྐྲུན་ཁག་ལ་གཏོར་རྒོལ་མི་བྱེད་རྒྱུ་ཁས་ལེན་བྱེད་དགོས་པ་དང་། དེ་ལྟར་བྱས་ན་ཡུག་རེན་མི་མང་ཚོ་ལ་གནས་སྐབས་བདེ་འཇགས་ཤིག་ཡོང་གི་རེད་ཅེས་སྲིད་འཛིན་ཊོམ་གྱིས་བརྗོད་ཡོད་འདུག་ཀྱང་། ཨུ་རུ་སུས་གང་བཤད་ཡོད་མེད་ཁ་གསལ་བཤད་ཡོད་མི་འདུག ཨ་རིའི་ངོས་ནས་ཨུ་རུ་སུ་དང་ཡུག་རེན་གཉིས་བར་གྲོས་མོལ་བྱས་ནས་ཉུང་མཐའ་ལ་ཟླ་བ་གཅིག་རིང་དམག་འཁྲུག་མཚམས་འཇོག་ཡོང་ཐབས་བྱེད་ཀྱི་ཡོད་འདུག་ཀྱང་། ཡུག་རེན་གྱིས་ཁས་ལེན་བྱས་ཡོད་འདུག་ཀྱང་། ཨུ་རུ་སུས་དམག་འཁྲུག་མཚམས་འཇོག་ཟླ་བ་གཅིག་རིང་བཞག་ན། དེའི་རིང་ཡུག་རེན་ནང་གོ་མཚོན་བཟོ་སྐྲུན་དང་། དམག་མི་རྣམས་ལ་དམག་སྦྱོང་། མཐུན་ཕྱོགས་རྒྱལ་ཁབ་ཚོ་ནས་རོགས་རམ་མང་པོ་འབྱོར་ནས། རྗེས་སུ་ཚུར་རྒོལ་དྲག་པོ་བྱེད་ཡོང་བསམ་པའི་ཉེན་ཁ་ཆེན་པོ་མཐོང་གི་ཡོད་པ་སྲིད་དོན་དཔྱད་ཞིབ་པ་དང་ཨུ་རུ་སུས་རྗོད་ཀྱི་ཡོད་འདུག རྒྱུ་མཚན་དེ་ལ་བརྟེན་ནས་ཨུ་རུ་སུའི་ངོས་ནས་ཟླ་བ་གཅིག་རིང་དམག་འཁྲུག་མཚམས་འཇོག་བྱེད་རྒྱུ་དེ་ལ་ཆ་རྐྱེན་མང་པོ་ཞིག་འདོན་གྱི་ཡོད་འདུག
ཁ་སང་གཟའ་ལྷག་པའི་ཉིན་ཨ་རིའི་སྲིད་འཛིན་དང་ཡུག་རེན་གྱི་སྲིད་འཛིན་གཉིས་བར་དེ་སྔོན་ཨ་རིའི་ཕོ་བྲང་དཀར་པོ་ནང་ཁ་འཛིང་ཤོར་རྗེས་ཐེངས་དང་པོ་ཁ་པར་བརྒྱུད་ནས་གྲོས་མོལ་བྱས་ཡོད་འདུག་ཅིང་། སྲིད་འཛིན་གཉིས་བར་གྲོས་མོལ་ཚར་རྗེས་སུ་སྲིད་འཛིན་ཊོམ་གྱིས་བརྗོད་དོན། དམག་འཁྲུག་དེ་འདི་ལོ་མཚམས་འཇོག་བྱེད་ཐུབ་རྒྱུའི་རེ་བ་ཆེན་པོ་ཡོད་པ་དང་། ཡུག་རེན་གྱི་རྡུལ་ཕྲན་གློག་རྡུལ་བཟོ་གྲྭ་དེ་ཨ་རིས་བདག་ཉར་དང་འཛིན་སྐྱོང་བྱས་ན་ལེགས་ཚུལ་བརྗོད་ཡོད་འདུག འོན་ཀྱང་། རྡུལ་ཕྲན་གློག་རྡུལ་བཟོ་གྲྭ་དེ་ད་ལྟ་ཨུ་རུ་སུས་བཙན་བཟུང་བྱས་པའི་ཡུག་རེན་གྱི་ས་ཆའི་ནང་ཡོད་འདུག
ད་ཆར་ཡུག་རེན་གྱིས་གལ་སྲིད་ཨུ་རུ་སུས་ཁས་ལེན་བྱས་ན་ཡུག་རེན་གྱི་ངོས་ནས་ཟླ་བ་གཅིག་རིང་ཨུ་རུ་སུའི་འཛུགས་སྐྲུན་ཁག་དང་ནུས་ཤུགས་ཐོན་ཁུངས་བཟོ་གྲྭ སྣུམ་དང་རྡོ་སོལ། གློག་ཁང་སོགས་ལ་གཏོར་རྒོལ་མི་བྱེད་རྒྱུ་ཁས་ལེན་བྱས་ཡོད་འདུག འོན་ཀྱང་། གལ་སྲིད་ཁས་ལེན་བྱས་པ་བཞིན་དོན་ལ་མ་གནས་ཚེ་ཨུ་རུ་སུ་ལ་གཏོར་རྒོལ་དྲག་པོ་བྱེད་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག ཁ་སང་སྲིད་འཛིན་ཊོམ་གྱིས་ཕྱོགས་གཉིས་ཀ་ད་ལྟ་དམག་འཁྲུག་མཚམས་འཇོག་བྱེད་རྒྱུའི་བརྒྱུད་རིམ་ཁྲོད་དུ་ཡོད་པར་བརྗོད་འདུག
ཨ་རིའི་ཕྱི་སྲིད་བློན་ཆེན་(Marco Rubio)ཡིས་ཊོམ་གྱིས་ཡུག་རེན་ལ་གོ་མཚོན་དང་། བར་སྣང་གོ་མཚོན་འགོག་རྒོལ་མ་ལག་སོགས་ཀྱི་རོགས་རམ་སྤྲོད་རྒྱུ་ཁས་ལེན་བྱས་ཡོད་པར་བརྗོད་འདུག དེ་བཞིན་ཨ་རིའི་ངོས་ནས་ཡུག་རེན་གྱི་རྡུལ་ཕྲན་གློག་རྡུལ་བཟོ་གྲྭ་རྣམས་འཛིན་སྐྱོང་བྱེད་རྒྱུ་འབྱུང་སྲིད་པ་དང་། དེ་ལྟར་བྱུང་ཚེ་ཡུག་རེན་གྱི་ནུས་ཤུགས་ཐོན་ཁུངས་སྲུང་སྐྱོབ་ལ་ཕན་ཐོགས་ཆེན་པོ་ཡོང་སྲིད་པར་བརྗོད་འདུག འབྱུང་འགྱུར་ཉིན་ཤས་རྗེས་ཨ་རི་དང་ཡུག་རེན་གཉིས་ཀྱི་སྐུ་ཚབ་ཚོ་སོ་དྷི་ཨ་རབ་རྒྱལ་ཁབ་ནང་གྲོས་མོལ་བསྐྱར་དུ་བྱེད་འཆར་ཡོད་འདུག
ཁ་སང་གྲོས་མོལ་རྗེས་སུ་ཡུག་རེན་གྱིས་ཨུ་རུ་སུའི་ནུས་ཤུགས་ཐོན་ཁུངས་བཟོ་གྲྭ་རྣམས་ལ་གཏོར་རྒོལ་དྲག་པོ་བྱས་ནས་དཔལ་འབྱོར་ཐད་གྱོང་གུད་ཆེན་པོ་སྤྲད་ཡོད་པ་རྒྱལ་སྤྱིའི་གསར་ཁང་ཆེ་ཁག་ནས་གནས་ཚུལ་འཐོན་བཞིན་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།