ཨུ་རུ་སུས་ཡུག་ཀེ་རན་ནང་དམག་འཁྲུག་དང་རྒྱ་ནག་གིས་ལྐོག་ནས་དབང་ཤུགས་རྒྱ་སྐྱེད།
ཨུ་རུ་སུ་ཡིས་ཡུག་ཀེ་རན་ནང་དམག་འཁྲུག་རྒྱག་བཞིན་པའི་སྐབས་སུ་རྒྱ་ནག་གིས་ཨུ་རུ་སུའི་ཉེ་འཁོར་དཀྱིལ་ཤར་ཡུལ་གྲུ་ཁག་ནང་དབང་ཤུགས་རྒྱ་སྐྱེད་བྱེད་བཞིན་ཡོད་འདུག
དེ་རིང་ཕྱི་ཟླ་༥ ཚེས་༡༩ ཉིན་ཐེ་ཝན་དུས་བབ་གསར་ཁང་གིས་གནས་ཚུལ་བཏོན་གསལ་ལ། རྒྱ་ནག་གིས་བདུན་ཕྲག་འདིའི་ནང་རྒྱ་ནག་གི་གྲོང་ཁྱེར་ཤན་(Xian) ནང་དཀྱིལ་ཤར་ཡུལ་གྲུ་ཁག་གི་རྒྱལ་ཁབ་ཀྱི་འགོ་ཁྲིད་རྣམས་དང་ལྷན་དུ། ཐེངས་དང་པོའི་འགོ་ཁྲིད་རྣམས་དངོས་སུ་ཐུག་ནས་ལྷན་ཚོགས་ཤིག་འཚོག་བཞིན་ཡོད་འདུག་ལ། ལྷན་ཚོགས་དེ་འཚོགས་དགོས་དོན་ནི་ཨུ་རུ་སུ་ཡིས་ཡུག་ཀེ་རན་ནང་དམག་འཁྲུག་ལ་དོ་སྣང་སྤྲོད་བཞིན་པའི་སྐབས་སུ་རྒྱ་ནག་གིས་ཨུ་རུ་སུའི་ཉེ་འཁོར་གྱི་དཀྱིལ་ཤར་ཡུལ་གྲུ་ཁག་གི་རྒྱལ་ཁབ་ཁག་དང་ལྷན་དུ་གྲོས་མཐུན་ཞིག་བཞག་ནས་ཡུལ་གྲུ་དེ་དག་གི་ནང་རྒྱ་ནག་གི་དབང་ཤུགས་རྒྱ་སྐྱེད་ཐབས་བྱེད་བཞིན་ཡོད་པ་དང་། ཞི་ཅིན་ཕིན་གྱིས་ཁ་ཛག་སི་ཐན་(Kyrgxstan) དང་ཐ་ཅི་ཁི་སི་ཐན། (Tajikistan) དེ་བཞིན་ཏུར་མེན་སི་ཐན་དང་(Turmentistan) ཨུ་ཛུ་བྷེ་ཁི་སི་ཐན་(Uzbekistan)་སོགས་ཀྱི་ཡུལ་གྲུ་དེ་དག་གི་དཔལ་འབྱོར་གྱི་གནས་བབ་དང་བདེ་སྲུང་གི་སྐོར་གྲོས་བསྡུར་བྱེད་བཞིན་ཡོད་འདུག

ཉི་ཧོང་ནང་སྟོབས་ཆེན་རྒྱལ་ཁབ་བདུན་གྱིས་G7 གྱི་ཚོགས་ཆེན་དེ་རིང་ནས་གཟའ་ཉི་མ་བར་འཚོག་བཞིན་པའི་སྐབས་དང་བསྟུན་ནས་རྒྱ་ནག་གིས་ཀྱང་དཀྱིལ་ཤར་ཡུལ་གྲུ་ཁག་གི་རྒྱལ་ཁབ་དག་དང་ལྷན་དུ་ཚོགས་ཆེན་ཞིག་འཚོག་བཞིན་ཡོད་པ་ནི་རྒྱལ་སྤྱིའི་ཆབ་སྲིད་འཕོ་འགྱུར་ཁྲོད། ཆབ་སྲིད་ཀྱི་འགྲོ་ལུགས་གསར་པ་ཞིག་སྒྱུར་ཐབས་ཆེད་དུ་ཡིན་པ་དང། པེ་ཅིན་གཞུང་ལ་མཚོན་ན་དཀྱིལ་ཤར་ཡུལ་གྲུ་ཁུལ་དུ་དབང་ཤུགས་རྒྱ་སྐྱེད་བྱེད་རྒྱུ་དེ་གལ་ཆེན་ཆགས་ཡོད་པ་OSCE ལྟེ་གནས་ཁང་གི་ཉམས་ཞིབ་པ་ཨ་དེན་མ་ས་སྦེ་ཝས་( Adina Masalbekova)བཤད་འདུག
འདས་པའི་ལོའི་ནང་དཀྱིལ་ཤར་ཡུལ་གྲུ་ཁག་གི་རྒྱལ་ཁབ་ཀྱི་འགོ་ཁྲིད་རྣམས་ཏོག་དབྱིབས་ནད་ཡམས་ཀྱིས་རྐྱེན་པའི་དངོས་སུ་ཐུག་ཐུབ་མེད་པ་རེད་འདུག ལྷན་ཚོགས་དེའི་ནང་ཡོད་པའི་ཚོགས་མི་རྒྱལ་ཁབ་ལྔ་པོའི་ས་ཁུལ་དག་གནའ་སྔོན་མ་རྒྱ་ནག་གི་དར་གོས་ཚོང་ལམ་འཁེལ་གྱི་ཡོད་པར་བརྟེན། མ་འོངས་པར་དཔལ་འབྱོར་ཡར་རྒྱས་དང་འབྲེལ་བའི་གལ་གནད་ཆེན་པོ་ཡིན་པ་དང། རྒྱལ་ཁབ་དེ་དག་གིས་ལོ་མང་སྔོན་ནས་རྒྱ་ནག་གཞུང་ལ་ས་ཁུལ་དེ་དག་གི་དངོས་ཟོག་རྒྱ་ནག་གི་ཁྲོམ་རའི་ནང་སླེབས་ཐབས་སུ་གྲོས་མོལ་ཐེངས་མང་བྱུང་ཡོད་པར་བརྟེན། དེ་རིང་གི་ཚོགས་ཆེན་དེ་གལ་ཆེན་ཡིན་པ་ཁ་ཛག་སི་ཐན་ནང་རྟེན་གཞི་བྱས་པའི་(the Atlantic Council’s Globle China hub) ཉམས་ཞིབ་ལྟེ་གནས་ཁང་གི་ཉམས་ཞིབ་པ་ན་ཨི་ཡན་(Niva Yau) གྱིས་བཤད་འདུག
ཨུ་རུ་སུ་ཁ་འཐོར་བ་ནས་ད་བར་ལོ་ངོ་སུམ་ཅུའི་ནང་དཀྱིལ་ཤར་ཡུལ་གྲུའི་རྒྱལ་ཁབ་དེ་དག་དང་རྒྱ་ནག་བར་ཚོང་འབྲེལ་ཆེན་པོ་བྱུང་ཡོད་པ་དང་། ལོ་སྔོན་མ་ཨ་སྒོར་ཐེར་འབུམ་༧༠ ཡི་ཚོང་འབྲེལ་བྱུང་ཡོད་འདུག རྒྱ་ནག་དབུས་གཞུང་གིས་བརྗོད་དོན་ལ་དཀྱིལ་ཤར་ཡུལ་གྲུ་ཁག་གི་རྒྱལ་ཁབ་དེ་དག་ནི་རྒྱ་ནག་གཞུང་གི་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་ལ་ཧ་ཅང་གིས་གལ་ཆེན་པོ་ཆགས་ཡོད་པས། ས་ཁུལ་དེ་དག་ནི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྒོ་ལྟ་བུ་ཡིན་པར་བཤད་འདུག ས་ཁུལ་དེ་དག་ནང་ལས་གཞི་གཙོ་བོ་ནི་རྒྱ་ནག་ནས་མེ་འཁོར་ལྕགས་ལམ་ཁ་ཛག་སི་ཐན་དང་ཨུ་ཛུ་བྷེ་ཁི་སི་ཏན་གཉིས་ལ་མཐུད་རྒྱུ་དང། རླངས་རྫས་སྦུག་གུ་ཏུར་མེན་སི་ཐན་ནས་འཐེན་རྒྱུ་ཡིན་འདུག
འོན་ཀྱང། འདས་པའི་ལོ་མང་སྔོན་ནས་རྒྱ་ནག་གཞུང་གིས་དཀྱིལ་ཤར་ཡུལ་གྲུ་ཁུལ་གྱི་རྒྱལ་ཁབ་ཁ་ཛག་སི་ཐན་དང་ཐ་ཅི་ཁི་སི་ཐན་ལྟ་བུ་རྒྱལ་ཁབ་སྐྱོ་པོ་དེ་དག་ལ་བུ་ལོན་མང་པོ་སྤྲད་ཡོད་པར་བརྟེན། བུ་ལོན་གྱི་ཞགས་ཐག་གཡོགས་ཡོད་ཚུལ་བརྗོད་དེ་རྒྱལ་སྤྱིའི་ཐོག་ནས་རྒྱ་ནག་ལ་སྐྱོན་བརྗོད་མང་པོ་ཡོང་བཞིན་ཡོད་འདུག ཨུ་རུ་སུས་ཡུག་རན་ནང་དམག་འཁྲུག་རྒྱག་བཞིན་ཡོད་པའི་རྐྱེན་གྱིས་རྒྱལ་ཁབ་མང་པོ་ཞིག་གིས་ཨུ་རུ་སུ་ལ་དཔལ་འབྱོར་ཕོན་ཆེན་གྱི་ཉེས་ཆད་བཅད་ཡོད་པས། དཀྱིལ་ཤར་ཡུལ་གྲུ་ཁུལ་དུ་ཨུ་རུ་སུ་ཡིས་ཚོང་འབྲེལ་མེད་པའི་སྐབས་སུ་རྒྱ་ནག་གིས་གོ་སྐབས་བཟུང་ནས་དཔལ་འབྱོར་གྱི་མ་རྩ་ཆེན་པོ་འཛུགས་བཞིན་ཡོད་འདུག
དེ་བཞིན་རྒྱ་ནག་གི་བྱང་ཕྱོགས་ས་ཁུལ་ཡུ་གུར་ཁ་ཆེའི་མི་རིགས་ལ་རྒྱ་གཞུང་ནས་བཙན་གནོན་བྱེད་བཞིན་ཡོད་པས། མ་འོངས་པར་ས་ཁུལ་དེ་དག་ནས་རྒྱ་ནག་ནང་དྲག་སྤྱོད་པའི་ཤུགས་རྐྱེན་མི་ཡོང་བའི་ཆེད་དུ་ཡིན་པ་ཆབ་སྲིད་དཔྱད་བརྗོད་ཁག་གིས་རྗོད་ཀྱིན་འདུག
གཞན་ཡང་དཀྱིལ་ཤར་ཡུལ་གྲུ་ཁུལ་དུ་ཨུ་རུ་སུ་དང་རྒྱ་ནག་གི་དབང་ཤུགས་སྲ་བརྟན་དང་ཨ་རི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་དག་གི་དབང་ཤུགས་མ་སླེབས་པའི་ཆེད་དུ་ཡིན་ཚུལ་ཡང་རྗོད་བཞིན་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།