ཨུ་རུ་སུས་རྒྱ་གར་ནས་མཚོན་ཆ་ཉོས་འདུག

ཟླ་འདིའི་ཚེས་༦ ཉིན་(Firstpost) ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨུ་རུ་སུས་རྒྱ་གར་དང་འབར་མ་ལ་བཙོངས་པའི་མཚོན་ཆ་ཁག་གཅིག་ཕྱིར་ཉོ་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ལོ་༢༠༢༢ ཕྱི་ཟླ་བརྒྱད་པ་དང་ཕྱི་ཟླ་བཅུ་གཅིག་ནང་ཨུ་རུ་སུའི་(NPK KBM) ཞེས་པའི་བཟོ་ཚོང་ཁང་གིས་རྒྱ་གར་ནས་ཨ་སྒོར་$༡༥༠༠༠༠ གྱིས་མཚོན་ཆ་ཉོས་ཡོད་འདུག་ལ། ཕྱི་ལོ་༢༠༢༢ ཟླ་བ་བཅུ་གཉིས་པའི་ནང་ཨུ་རུ་སུའི་(UralvagonZavod)་ཞེས་པའི་བཟོ་ཚོང་ཁང་ཞིག་གིས་ཨ་སྒོར་ས་ཡ་$༢༤ ཡིས་འབར་མ་ནས་མཚོན་ཆ་ཉོས་ཡོད་འདུག

ཟླ་འདིའི་ཚེས་༥ ཉིན་(NIKKEI Asia) ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། བཟོ་ཚོང་ཁང་དེ་གཉིས་ཀྱིས་སྔོན་ཆད་འཕུར་མདའ་དང་ཁྲབ་ལྡན་འཐབ་འཁོར་སོགས་དང་འབྲེལ་བའི་ལག་ཆ་སོགས་བཟོས་ནས་རྒྱ་གར་དང་འབར་མ་ལ་བཙོངས་ཡོད་ཀྱང་། ཡུག་རེན་གྱི་དམག་འཁྲུག་ལ་དམིགས་ནས་ད་ལྟའི་ཆར་མཚོན་ཆ་དེ་དག་ཕྱིར་ཉོ་བཞིན་ཡོད་པའི་གནས་ཚུལ་བཀོད་འདུག

ཨུ་རུ་སུས་ཡུག་རེན་ལ་བཙན་འཛུལ་བྱས་པའི་རྗེས་ཨ་རི་དང་ཡུ་རོབ། དེ་བཞིན་ཉི་ཧོང་བཅས་ཀྱིས་ཨུ་རུ་སུ་ལ་ཚོང་ཟོག་དང་ལྷག་པར་དུ་མཚོན་ཆ་དང་འབྲེལ་བའི་དངོས་པོ་དག་བཙོང་རྒྱུ་ལ་བཀག་འགོག་བྱས་ཡོད་པ་རེད།

ཧྥ་སི་ཊི་པོ་སི་ཊི་(Firstpost) ཞེས་པའི་གསང་ཁང་གི་གསར་འགོད་པ་དཔལ་ཀིད་ཤར་མ་(Palki Sharma) ་ཡིས་ད་ལྟའི་ཆར་བཟོ་ཚོང་ཁང་དེ་དག་གིས་མཚོན་ཆ་བཟོ་བྱེད་ཀྱི་ཆ་ལག་མི་རག་པའི་དཀའ་ངལ་ཡོད་སྲིད་པ་དང་། ཕྱོགས་གཞན་ཞིག་ནི་དམག་འཁྲུག་གིས་རྐྱེན་པས་ཨུ་རུ་སུ་ལ་མཚོན་ཆའི་དཀའ་ངལ་ཡོད་སྲིད་པ་རེད་ཅེས་བརྗོད་འདུག

ཨུ་རུ་སུ་ནི་རྒྱ་གར་ལ་མཚོན་ཆ་འཚོང་མཁན་ཨང་དང་པོ་དེ་ཆགས་ཀྱི་ཡོད་པ་དང་། ལྷག་པར་དུ་ཉེ་བའི་ལོ་ཤས་ནང་རྒྱ་གར་གྱིས་ཨུ་རུ་སུའི་རྩ་ནས་རྡོ་སྣུམ་སོགས་ཉོས་ཡོད་འདུག ཡིན་ན་ཡང་རྒྱ་གར་གྱི་དངོས་ཟོག་དག་ཨུ་རུ་སུའི་ནང་དུ་བྲིན་གྱི་མེད་པར་བརྟེན། ཨུ་རུ་སུས་རྒྱ་གར་ནས་དངོས་ཟོག་ཉོ་ཚད་ཉུང་བས་ད་ལྟའི་ཆར་ཨུ་རུ་སུ་ལ་བདག་པའི་ཧིན་སྒོར་ས་ཡ་མང་པོ་བེད་སྤྱོད་གཏོང་མ་ཐུབ་པའི་དཀའ་ངལ་འཕྲད་བཞིན་ཡོད་པ་མ་ཟད། རྒྱ་གར་གྱིས་ཨུ་རུ་སུའི་རྩ་ནས་མཚོན་ཆ་ཉོ་ཚད་ཉུང་དུ་བཏང་སྟེ་ཧྥ་རན་སི་དང་ཨ་རི་ནས་མཚོན་ཆ་ཉོ་རྒྱུར་མང་དུ་བཏང་ཡོད་འདུག

འཕགས་བོད་ས་མཚམས་ཁུལ་དུ་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་བར་དུ་གདོང་ཐུག་འབྱུང་གི་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་བར་དུ་དམག་འཁྲུག་ལངས་པའི་ཉེན་ཁ་དེ་ཙམ་མེད་ཀྱང་། རྒྱ་གར་ལ་མཚོན་ན་ད་ལྟའི་ཆར་གྲ་སྒྲིག་བྱེད་རྒྱུའི་གོ་སྐབས་བཟང་པོ་ཞིག་ཆགས་ཡོད་འདུག ཡིན་ན་ཡང་། ཨུ་རུ་སུས་རྒྱ་གར་ལ་བཙོངས་པའི་མཚོན་ཆ་རིགས་ཤིག་ཕྱིར་ཉོས་པ་དེ་ཡིས་རྒྱ་གར་གྱིས་རང་སྲུང་བྱ་རྒྱུ་དང་གྲ་སྒྲིག་སྡུག་ས་ནས་བྱེད་རྒྱུའི་ཐོག་ལ་དཀའ་ངལ་དང་བར་ཆད་འཕྲད་བཞིན་ཡོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།