ཨུ་རུའི་སུའི་སྲིད་འཛིན་དང་རྒྱ་གར་གྱི་སྲིད་བློན་གཉིས་ཁ་པར་བརྒྱུད་ནས་བཀའ་མོལ་གནང་འདུག
ཨུ་རུ་སུའི་སྲིད་འཛིན་དང་རྒྱ་གར་གྱི་སྲིད་བློན་བར་ཁ་པར་བརྒྱུད་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་མུ་མཐུད་རྒྱུན་སྐྱོང་གནང་རྒྱུ་དང་། འཚོག་ལ་ཉེ་བའི་སྟོབས་ཆེན་རྒྱལ་ཁབ་༢༠ ཡི་ལྷན་ཚོགས་ཐོག་ཨུ་རུ་སུའི་སྲིད་འཛིན་བཅར་རྒྱུ་མིན་པ་སོགས་ཀྱི་སྐོར་ལ་བཀའ་མོལ་གནང་ཡོད་འདུག

ཟླ་འདིའི་ཚེས་༢༨ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཨུ་རུ་སུའི་སྲིད་འཛིན་དང་རྒྱ་གར་གྱི་སྲིད་བློན་གཉིས་ཀྱི་བར་ཁ་པར་བརྒྱུད་ནས་བཀའ་མོལ་གནང་ཡོད་འདུག སྐབས་དེར་ཕྱོགས་གཉིས་ཀྱི་དབུ་ཁྲིད་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་སྐོར་དང་། ཕྱོགས་སོ་སོ་དང་གོ་ལ་སྤྱིའི་དཀའ་རྙོག་དང་། ལྷག་པར་དུ་ཉེ་ཆར་ལྷོ་ཨ་ཧྥི་རི་ཀ་ལ་ཚོགས་པའི་བྷི་རི་སི་(BRICS) ་ལྷན་ཚོགས་སོགས་གནད་དོན་འདྲ་མིན་ཐོག་ལ་གྲོས་བསྡུར་གནང་ཡོད་པ་མ་ཟད། ཨུ་རུ་སུའི་སྲིད་འཛིན་གྱིས་རྒྱ་གར་གྱི་ཚན་རིག་ཉམས་ཞིབ་ལྷན་ཚོགས་ (Indian Scientific Research Organisation (ISRO)) ནས་བཟོས་པའི་ཅནྡྲ་ཡཱན་གསུམ་པ་ (Chandrayaan-3) ་ཟླ་བའི་སྟེང་ལེགས་པར་བབས་ཐུབ་པར་སྲིད་བློན་མོ་དྷི་མཆོག་ལ་དགའ་བསུའི་འཚམས་འདྲི་ཞུས་ཡོད་པ་མ་ཟད། ཁོང་ཉིད་འཚོག་ལ་ཉེ་བའི་སྟོབས་ཆེན་རྒྱལ་ཁབ་༢༠ ཡི་ལྷན་ཚོགས་ཐོག་བཅར་ཐུབ་ཀྱི་མེད་པ་དང་ཁོང་གི་ཚབ་ཏུ་ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་གཏོང་རྒྱུ་ཡིན་པའི་སྐོར་བརྗོད་ཡོད་འདུག
རྒྱ་གར་གྱི་སྲིད་བློན་མོ་དྷི་ཡིས་སྟོབས་ཆེན་རྒྱལ་ཁབ་༢༠ ཡི་ལྷན་ཚོགས་དང་འབྲེལ་ཨུ་རུ་སུས་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞེས་ཞུས་ཡོད་འདུག
ལོ་སྔོན་མ་སྟོབས་ཆེན་རྒྱལ་ཁབ་༢༠ ་ཡི་ལྷན་ཚོགས་དེ་ཧིན་རྡུ་ནི་ཤི་ཡ་ལ་ཚོགས་ཡོད་པ་དང་སྐབས་དེའི་ལྷན་ཚོགས་ཐོག་ཨུ་རུ་སུའི་སྲིད་འཛིན་མཉམ་ཞུགས་ཐུབ་མེེད་ལ། ལྷག་པར་དུ་ཉེ་ཆར་ལྷོ་ཨ་ཧྥི་རི་ཀ་ལ་ཚོགས་པའི་བྷི་རི་སི་(BRICS) ་ལྷན་ཚོགས་ཐོག་ལ་ཡང་ཁོང་ཉིད་མཉམ་ཞུགས་བྱས་ཐུབ་མེད། ད་ལོ་སྟོབས་ཆེན་རྒྱལ་ཁབ་༢༠ ཡི་ལྷན་ཚོགས་ཐོག་ལ་ཡང་ཨུ་རུ་སུའི་སྲིད་འཛིན་མཉམ་ཞུགས་མི་བྱ་རྒྱུའི་ཐག་གཅོད་བྱས་ཡོད་པ་དེ་ནི་གཙོ་བོ་ཨུ་རུ་སུ་དང་ཡུག་རེན་གྱི་དམག་འཁྲུག་ལ་ཐུག་ཡོད་འདུག

ད་ལོ་སྟོབས་ཆེན་རྒྱལ་ཁབ་༢༠ ཡི་ལྷན་ཚོགས་དེ་རྒྱ་གར་གྱི་གཙོ་སྐྱོང་འོག་ལོ་འདིའི་ཕྱི་ཟླ་༩ ཚེས་༩ ་ནས་ཉིན་གྲངས་གཉིས་ཀྱི་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ལ་འཚོག་རྒྱུ་རེད་འདུག། ཐེངས་འདིའི་ལྷན་ཚོགས་ཀྱི་བརྗོད་གཞི་ནི་གོ་ལ་གཅིག་དང་ཁྱིམ་གཅིག མ་འོངས་གཅིག་ཅེས་པ་དེ་ཡིན་ཞིང་། ཨ་རིའི་སྲིད་འཛིན་དང་རྒྱ་ནག་གི་སྲིད་འཛིན་གཙོས་པའི་འཛམ་གླིང་གི་དབུ་ཁྲིད་༢༥ ལྷག་མཉམ་ཞུགས་གནང་འཆར་ཡོད་འདུག
རྒྱ་གར་ནང་འཛམ་གླིང་རྒྱལ་ཁབ་ཁག་གི་དབུ་ཁྲིད་རྣམས་ལྷན་ཚོགས་བྱས་པ་གཞི་རྒྱ་ཆེ་ཤོས་ཤིག་ཆགས་རྒྱུ་ཡིན་པའི་ཚོད་དཔག་བྱེད་བཞིན་འདུག་ལ། ལྷན་ཚོགས་དེའི་དབང་གིས་ཟླ་འདིའི་ཚེས་༨ ནས་༡༠ ་བར་རྒྱ་གར་རྒྱལ་ནང་དུ་གནམ་གྲུ་ཡར་མར་འཕུར་མཁན་ཁྱོན་བསྡོམས་༡༦༠ ཕྱིར་འཐེན་བྱས་ཡོད་འདུག
བོད་མི་སྒྲིག་འཛུགས་ཀྱི་དྲྭ་རྒྱའི་ཐོག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་འདིའི་ཚེས་༢༤ ཉིན་རྒྱ་གར་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྡེ་ཚན་ནང་མའམ་(Core Group for Tibetan Cause-India) ཞེས་པས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ལ་ཡོད་པའི་(Press Club of India) ་ཞེས་པའི་གསར་འགོད་མཐུན་ཚོགས་ཀྱི་ཚོགས་ཁང་དུ་སྟོབས་ཆེན་རྒྱལ་ཁབ་༢༠ ཡི་དབུ་ཁྲིད་ཚོས་བོད་ཀྱི་གནད་དོན་དེ་རྒྱལ་སྤྱིའི་གནད་དོན་ཞིག་ལ་ངོས་འཛིན་གནང་དགོས་པ་དང་། རྒྱ་གཞུང་གིས་བོད་ཕྲུག་ས་ཡ་གཅིག་ལྷག་གཏན་འཇགས་སློབ་གྲྭ་ཁག་ཏུ་བཏང་ནས་བོད་ཀྱི་ཆོས་དང་རིག་གཞུང་རྩ་གཏོར་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་ལ་སྐྱོན་འཛུགས་བྱེད་དགོས་པ། དེ་བཞིན་༧གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་གཞུང་བར་ཞི་བའི་གྲོས་མོལ་བསྐྱར་གསོ་གནང་དགོས་པ་སོགས་དོན་ཚན་ལྔ་ཅན་གྱི་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།