ཨེ་ལོན་གྱིས་ཨ་རིའི་སྲིད་འཛིན་ཊོམ་ལ་ཁ་གཏད་ཀྱི་ཆེད་དུ་སྲིད་དོན་ཚོགས་པ་གཞན་ཞིག་གསར་འཛུགས་བྱེད་རྒྱུ་ཡིན་པར་བརྗོད་འདུག

འཛམ་གླིང་ནང་རྒྱུ་ཕྱུག་ཤོས་ཨེ་ལོན་མ་སི་ཀེ་(Elon Musk)་ཡིས་སྲིད་དོན་ཚོགས་པ་གསར་པ་ཞིག་འཛུགས་རྒྱུའི་འཆར་གཞི་ཡོད་པ་དང་། མི་སྣ་བསྡུ་རུག་བྱེད་བཞིན་ཡོད་པར་བརྗོད་འདུག སྲིད་དོན་ཚོགས་པ་གསར་པ་འཛུགས་དགོས་དོན་ནི་སྲིད་འཛིན་ཊོམ་དང་ཁོང་གཉིས་བར་ད་ཆར་མི་མཐུན་པའི་གནས་དོན་དུ་མ་བྱུང་བའི་རྐྱེན་གྱིས། ཨེ་ལོན་ཊོམ་སྲིད་གཞུང་གི་སློབ་སྟོན་པ་ནས་དགོངས་པ་ཞུས་ཟིན་ཡོད་པར་བརྟེན། མ་འོངས་པར་ཊོམ་མམ་སྤྱི་མཐུན་ཚོགས་པ་ཁ་གཏད་གཅོག་ཆེད་དུ་ཡིན་འདུག 

ཕྱི་ཚེས་༧ ཉིན་(CNN)གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ད་ལྟ་ཨ་རིའི་ནང་སྤྱི་མཐུན་ཚོགས་པ་དང་དམངས་གཙོ་ཚོགས་པ་གཉིས་ལས་གཞན་སྲིད་དོན་ཚོགས་པ་ཆེ་གྲས་གསུམ་པ་ཞིག་མེད་པར་བརྟེན། འཛམ་གླིང་ནང་རྒྱུ་ནོར་ཕྱུག་ཤོས་ཨེ་ལོན་མ་སི་ཀེ་(Elon Musk)ཡིས་སྲིད་དོན་ཚོགས་པ་གཞན་ཞིག་གསར་འཛུགས་བྱེད་འདོད་པར་བརྗོད་འདུག རྒྱུ་མཚན་གཙོ་བོ་ནི་འདི་ལོའི་ཕྱི་ཟླ་༥ པའི་ནང་ཨ་རིའི་གཞུང་གི་འགྲོ་གྲོན་གཏོང་ཕྱོགས་དང་། ཚོང་ལས་དང་འབྲེལ་བའི་ཁྲིམས་ཆག་ཡངས་གཏོང་ཕྱོགས་ཀྱི་ཁྲིམས་འཆར་མཛེས་སྡུག་ལྡན་པའི་ཁྲིམས་འཆར་ཆེན་པོ་ཞེས་པ་ཞིག་བཏོན་ཡོད་པར་བརྟེན། ཨེ་ལོན་མ་སི་ཀེ་(Elon Musk)ཡིས་གལ་སྲིད་ཁྲིམས་འཆར་དེ་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀ་ནས་ངོས་ལེན་བྱས་ནས་ཁྲིམས་ཆགས་ཚེ། ཁོས་སྲིད་དོན་ཚོགས་པ་གསར་པ་ཞིག་འཛུགས་རྒྱུའི་ཁྱབ་བསྒྲགས་བྱེད་རྒྱུ་ཡིན་པར་བརྗོད་འདུག་པ་བཞིན། ད་ཆར་ཁྲིམས་འཆར་དེ་གྲོས་ཚོགས་གོང་འོག་གཉིས་ནས་ཕྱིན་ཏེ་ཁྲིམས་ཆགས་ཟིན་ཡོད་འདུག ཉེ་ཆར་ཨེ་ལོན་མ་སི་ཀེ་(Elon Musk)་ཡིས་ཁྲིམས་འཆར་དེ་ལ་བརྟེན་ནས་ཨ་རིའི་གཞུང་ལ་བུ་ལོན་མང་བ་བཟོ་རྒྱུ་ཡིན་པ་ལས་ཁེ་ཕན་མེད་པ་དང་། མི་མང་ཚོ་དཔྱད་ཁྲལ་འོག་ཏུ་བྲན་གཡོག་འགྱུར་རྒྱུ་རེད་ཅེས་སྐྱོན་བརྗོད་ཤུགས་ཆེན་པོ་བྱས་འདུག  དེ་བཞིན་ཁོང་གིས་སྤྱི་ཚོགས་དྲྭ་ལམ་ཐོག མི་མང་གི་ཁྲོད་ནས་ད་ལྟའི་སྲིད་དོན་ཚོགས་པ་གཉིས་ལས་གཞན་ཞིག་དགོས་དང་མི་དགོས་ཞེས། མི་མང་ནས་འོས་ཤོག་བསྡུ་རུབ་བྱེད་སྐབས་མི་མང་བརྒྱ་ཆ་༦༥ ཡིས་དགོས་ཞེས་བརྗོད་འདུག་ལ། བརྒྱ་ཆ་༣༥ ཡིས་མི་དགོས་ཞེས་བརྗོད་ཡོད་འདུག ཨེ་ལོན་མ་སི་ཀེ་(Elon Musk)ཡིས་ད་ལྟའི་གཞུང་འཛིན་ཚོགས་པས་དོན་མེད་འགྲོ་གྲོན་ཆུད་ཟོས་སུ་བཏང་ཞིང་། ང་ཚོ་སྲིད་དོན་ཚོགས་པ་གཅིག་གི་དབང་འཛིན་འོག་བསྡད་ཡོད་པ་ལས དེ་དམངས་གཙོ་མ་རེད། ང་ཚོ་ལ་ཨ་རིའི་དམངས་གཙོ་ཚོགས་པ་ཞེས་པའི་སྲིད་དོན་ཚོགས་པ་གཞན་ཞིག་དགོས་རྒྱུ་གལ་ཆེན་པོ་ཡིན་པ་དང་། ཚོགས་པ་དེ་ཡིས་ཁྱོད་ཚོ་ལ་རང་དབང་ཕྱིར་སྤྲོད་རྒྱུ་རེད་ཅེས་བརྗོད་ཡོད་འདུག་ཀྱང་། དོན་དངོས་ཐོག་ད་ལྟ་ཚོགས་པ་གསར་འཛུགས་བྱས་ཟིན་ཡོད་དམ་མེད། གཞུང་ལ་དེབ་སྐྱེལ་བྱས་ཡོད་དམ་མེད། མི་སུས་ཚོགས་པ་དེའི་འགོ་འཁྲིད་རྒྱུ་ཡིན་མིན་སོགས་ཁ་གསལ་གང་ཡང་མི་འདུག འོན་ཀྱང་། ལོ་རྗེས་མ་ཊོམ་སྲིད་འཛིན་བྱས་ནས་དུས་ཡུན་ཕྱེད་ཀ་རྫོགས་ཀྱི་ཡོད་པར་བརྟེན། སྐབས་དེ་དུས་ཨེ་ལོན་མ་སི་ཀེ་(Elon Musk)ཡིས་ཁོང་གི་སྲིད་དོན་ཚོགས་པ་དེ་འཁྲུག་པོ་ཆགས་ཀྱི་ཡིན་ཚུལ་དང་། ཐོག་མར་གྲོས་ཚོགས་གོང་འོག་གཉིས་ནས་འོས་མི་གང་མང་རག་ཐབས་བྱེད་རྒྱུ་ཡིན་པར་བརྗོད་འདུག 

སྲིད་འཛིན་ཊོམ་དང་ཨེ་ལོན་མ་སི་ཀེ་(Elon Musk)་གཉིས་བར་ད་ཆར་གྲོགས་པོ་དགྲ་རུ་གྱུར་ཡོད་འདུག་ཅིང་། ཊོམ་གྱིས་ཨེ་ལོན་མ་སི་ཀེ་(Elon Musk)་ཡིས་སྲིད་དོན་ཚོགས་པ་གཞན་ཞིག་གསར་འཛུགས་བྱེད་རྒྱུ་ཡིན་པར་བརྗོད་པ་དེ་ལ་སྐྱོན་བརྗོད་དང་། ཨ་རིའི་ནང་སྔར་ནས་ད་བར་ཚོགས་པ་གཉིས་ལས་ཡོད་མ་རེད། སྲིད་དོན་ཚོགས་པ་གསུམ་པ་ཞིག་བཙུགས་ན་བེད་སྤྱོད་ཡོད་མ་རེད། དགོད་བྲོ་དགོས་པའི་སྐད་ཆ་རེད་ཅེས་སྐྱོན་བརྗོད་བྱས་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།