ཨེ་ཤེ་ཡའི་སྟོབས་ཆེན་རྒྱལ་ཁབ་ཚོ་མཉམ་འཛོམས་དང་ཨ་རིའི་སྒོ་ཁྲལ་ལ་གདོང་ལེན།

འཛམ་གླིང་ནང་མི་འབོར་ཆེ་ཤོས་ཀྱི་རྒྱལ་ཁབ་རྒྱ་དཀར་ནག་གཉིས་དང་། གཞན་ཨུ་རུ་སུ། པ་ཀི་སི་ཐན་སོགས་རྒྱལ་ཁབ་༡༠ ལས་གྲུབ་པའི་ཧྲང་ཧེ་མཉམ་འབྲེལ་ལྷན་ཚོགས་༼Shanghai Cooperation Organization༽ ཀྱི་ཚོགས་འདུ་དེ་ཁ་སང་ནས་ཚོགས་འགོ་བཙུགས་ཟིན་པ་དང་། ཚོགས་འདུ་དེ་ཨ་རི་གཙོ་པའི་ནུབ་ཕྱོགས་རྒྱལ་ཁབ་ཚོའི་དབང་ཤུགས་ལ་ཁ་གཏད་གལ་ཆེ་ཞིག་ཆགས་ཀྱི་ཡོད་འདུག

པར། ལྷོ་རྒྱ་ནག་ཞོགས་པའི་ཆ་འཕྲིན།

ཕྱི་ཚེས་༣༡ ཉིན་བྷི་བྷི་སི་དང་རྒྱལ་སྤྱིའི་གསར་འགྱུར་ཁང་ཁག་གིས་གནས་ཚུལ་སྤེལ་དོན་ལ། ཕྱི་ཟླ་༨ ཚེས་༣༡ ནས་ཉིན་གྲངས་གཉིས་ཀྱི་རིང་། རྒྱ་ནག་གི་གྲོང་ཁྱེར་ཐེན་ཅིན་༼Tianjin༽ དུ་ཧྲང་ཧེ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་འདུ་འཚོགས་བཞིན་ཡོད་པ་དང་། ལྷན་ཚོགས་དེ་ཐོག་མ་ཕྱི་ལོ་༢༠༠༡ ལོར་རྒྱལ་ཁབ་དྲུག་ལས་གྲུབ་པ་ཞིག་ཡིན་འདུག་ལ། ཕྱིས་སུ་ཚོགས་མི་འཕེལ་རྒྱས་ཕྱིན་ནས་ད་ལྟ་རྒྱལ་ཁབ་༡༠ ཡོད་འདུག ཧྲང་ཧེ་མཉམ་འབྲེལ་ལྷན་ཚོགས་ལ་མཚོན་ན། གཙོ་བོ་རྒྱལ་ཁབ་དེ་དག་གི་བདེ་འཇགས་སྲུང་སྐྱོབ་དང་། ཚོང་འབྲེལ། རིག་གཞུང་བརྗེ་ལེན་བྱེད་རྒྱུ་ལ་དམིགས་ཀྱི་ཡོད་འདུག་ཀྱང་། ད་ཆར་ནུབ་ཕྱོགས་རྒྱལ་ཁབ་ཚོའི་དབང་ཤུགས་ལ་ཁ་གཏད་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་འདུག

ཁ་སང་གཟའ་ཉི་མའི་ཉིན། རྒྱ་གར་གྱི་སྲིད་བློན་མུ་དྷི་མི་ལོ་༧ གྱི་རྗེས་སུ་རྒྱ་ནག་ལ་ཐོག་མར་ཕེབས་ཡོད་འདུག་ལ། རྒྱ་དཀར་ནག་གཉིས་ཀྱི་བར་དུས་ཡུན་རིང་པོ་ནས་ས་མཚམས་དང་། ཚོང་འབྲེལ། ཏོག་དབྱིབས་ནད་དུག ཆུ་མཛོད་སོགས་ཀྱི་རྩོད་རྙོག་ཡོང་གི་ཡོད་ཀྱང་། ད་ཆར་ཨ་རིའི་གཞུང་གིས་རྒྱ་གར་དང་རྒྱ་ནག ཨུ་རུ་སུ་སོགས་ཀྱི་རྒྱལ་ཁབ་ཚོའི་དངོས་ཟོག་ཐོག་ཏུ་སྒོ་ཁྲལ་མཐོ་པོ་བཀལ་པའི་རྐྱེན་གྱིས། ཨེ་ཤེ་ཡའི་སྟོབས་ཆེན་རྒྱལ་ཁབ་ཚོ་མཉམ་འབྲེལ་གྱིས་ཨ་རིའི་སྒོ་ཁྲལ་གདོང་ལེན་བྱེད་བཞིན་ཡོད་འདུག

ཨ་རིའི་གཞུང་གིས་དེ་སྔོན་ནས་རྒྱ་ནག་གི་དངོས་ཟོག་ཐོག་ཏུ་སྒོ་ཁྲལ་བརྒྱ་ཆ་༡༠ བཀལ་ཡོད་པ་དང་། འབྱུང་འགྱུར་ཕྱི་ཟླ་༡༡ ཚེས་༡༠ བར། ཨ་རི་དང་རྒྱ་ནག་གཉིས་བར་ཚོང་འབྲེལ་གྲོས་མོལ་ཡག་པོ་མ་བྱུང་ཚེ། ཨ་གཞུང་གིས་སྒོ་ཁྲལ་བརྒྱ་ཆ་༢༠༠ འགེལ་རྒྱུའི་ཉེན་བརྡ་གཏོང་གི་ཡོད་འདུག། ད་ལྟ་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་དེ་སྔོན་མ་དང་མི་འདྲ་བ་དཀའ་ངལ་ཆེན་པོ་ཞིག་འཕྲད་བཞིན་ཡོད་པས། རྒྱ་དཀར་ནག་གཉིས་བར་མཉམ་འབྲེལ་བྱེད་ཐུབ་ན། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཐད་གོ་སྐབས་དང་ཁེ་ཕན་ཆེན་པོ་ཞིག་ཡོད་པ་བརྗོད་འདུག

རྒྱ་གར་ལྟ་བུར་མཚོན་ན་ཉེ་ཆར་ཕྱི་ཟླ་༨ ནང་། ཨ་རིའི་གཞུང་གིས་རྒྱ་གར་གྱིས་ཨུ་རུ་སུ་ནས་སྣུམ་ཉོ་བཞིན་ཡོད་པ་བརྗོད་དེ་སྒོ་ཁྲལ་བརྒྱ་ཆ་༥༠ བཀལ་ཡོད། དེ་བཞིན་ཨུ་རུ་སུས་ཡུག་རེན་ལ་བཙན་འཛུལ་བྱེད་བཞིན་ཡོད་པའི་རྐྱེན་གྱིས་དཔལ་འབྱོར་གྱི་ཉེས་ཆད་མང་པོ་བཀལ་ཡོད་པར་བརྟེན། ད་ཆར་ཨུ་རུ་སུ་དང་རྒྱ་ནག རྒྱ་གར་གསུམ་པོ་ལ་ཨ་རི་ཡིས་སྒོ་ཁྲལ་འགེལ་བཞིན་པའི་སྐབས་སུ། རྒྱལ་ཁབ་དེ་གསུམ་གྱིས་མཉམ་འབྲེལ་ཐོག་ནས་ཨ་རི་ལ་གདོང་ལེན་བྱེད་བཞིན་ཡོད་འདུག

ཨ་རི་དང་ལྷན་དུ་ཚོང་འབྲེལ་ཉུང་དུ་གཏོང་ཐབས་སམ། ཨ་རི་ལ་བརྟེན་མི་དགོས་པའི་ཐོག་ནས། ཨུ་རུ་སུ་དང་རྒྱ་ནག རྒྱ་གར་བཅས་བར་སྔར་ལས་ལྷག་པའི་ཚོང་འབྲེལ་ཡོང་རྒྱུ་ལ་གྲོས་མོལ་བྱེད་ཀྱི་ཡོད་འདུག རྒྱ་ནག་ལ་མཚོན་ན་དངོས་ཟོག་བཟོ་སྐྲུན་གྱི་ནུས་པ་ཆེན་པོ་ཡོད་འདུག་ཅིང་། རྒྱ་གར་ལ་མིའི་ནུས་པ་ཆེན་པོ་ཡོད་པ། ཨུ་རུ་སུ་ལ་ཐོན་ཁུངས་ཧ་ཅང་ཕོན་ཆེན་པོ་ཡོད་པས། རྒྱལ་ཁབ་དེ་གསུམ་པོས་མཉམ་ལས་བྱེད་ཐུབ་ན་དཔལ་འབྱོར་འཕེལ་རྒྱས་ཐོག་གྲུབ་འབྲས་ཆེན་པོ་ཐོན་ཐུབ་པའི་རེ་བ་ཆེན་པོ་བྱེད་བཞིན་ཡོད་འདུག ཐེངས་འདིའི་ཚོགས་འདུ་ཐོག་ཏུ་ཡང་། ཧྲང་ཧེ་ལྷན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཚོའི་བདེ་འཇགས་དང་། ཚོང་འབྲེལ། རིག་གཞུང་བརྗེ་ལེན་བཅས་ཀྱི་སྐོར་གྲོས་མཐུན་འཇོག་རྒྱུ་ཡིན་འདུག

ཨ་རི་གཞུང་གིས་ཉེ་ཆར་ཕྱི་ཟླ་༨ ཚེས་༢༧ ཉིན། འགོ་བཙུགས་ཏེ་རྒྱ་གར་གྱི་དངོས་ཟོག་ཐོག་སྒོ་ཁྲལ་བརྒྱ་ཆ་༥༠ བཀལ་ཡོད་པ་དང་། སྒོ་ཁྲལ་དེ་ལ་བརྟེན་ནས་རྒྱ་གར་གྱི་དཔལ་འབྱོར་ལ་གནོད་སྐྱོན་ཆེན་པོ་ཕོག་རྒྱུ་ཡིན་འདུག རྒྱུ་མཚན་ནི་ཨ་རི་ལྟ་བུར་མཚོན་ན། རྒྱ་གར་གྱི་རས་ཆ་དང་། སྨན། རྒྱན་ཆ། འཕྲུལ་རིགས་སོགས་ཕྱིར་ཚོང་བྱེད་སའི་རྒྱལ་ཁབ་གཙོ་བོ་ཞིག་ཆགས་ཡོད་པར་བརྟེན། གློ་བུར་དུ་སྒོ་ཁྲལ་ཆེན་པོ་ཞིག་འགེལ་དུས་རྒྱ་གར་གྱི་དངོས་ཟོག་རྣམས་ཨ་རི་ནང་བཙོང་རྒྱུ་ཧ་ཅང་ཁག་པོ་ཆགས་ནས་དངོས་ཟོག་མང་པོ་ཞིག་བཟོ་རྒྱུ་མཚམས་འཇོག་བྱེད་དགོས་ཀྱི་ཡོད་པར་བརྟེན། རྒྱ་དཀར་ནག་གཉིས་གཙོ་པའི་ཨེ་ཤེ་ཡའི་རྒྱལ་ཁབ་གཞན་དང་ལྷན་དུ་ཚོང་འབྲེལ་སྔར་ལས་ཇེ་ཆེར་གཏོང་རྒྱུ་གལ་ཆེན་པོ་ཆགས་ཀྱི་ཡོད་འདུག

རྒྱ་གར་གྱི་སྲིད་བློན་མུ་དྷི་རྒྱ་ནག་ལ་མ་ཕྱིན་སྔོན་དུ་ཉི་ཧོང་ལ་ཉིན་གཉིས་རིང་གཟིགས་སྐོར་ཕྱིན་འདུག་ལ། ཉི་ཧོང་དང་རྒྱ་གར་གཉིས་ཀྱི་བར་ཚོང་འབྲེལ་སྔར་ལས་ལྷག་པའི་ཡར་རྒྱས་ཡོང་ཐབས་བྱེད་བཞིན་ཡོད་འདུག གཙོ་བོ་འཕྲུལ་རིགས་དང་བདེ་འཇགས། ཡུལ་སྐོར་སྤྲོ་འཁྱམ་སོགས་ཀྱི་གནད་དོན་སྐོར་གྲོས་མོལ་བྱས་ཡོད་འདུག

གསར་འགོག་པ། བསོད་ནམས་ཕུན་ཚོགས།