ཨོ་གླིང་དུ་གུ་རུའི་འབུམ་ཚོགས་ཐེངས་བདུན་པ་དེ་ཚོགས་འདུག

ཟླ་འདིའི་ཚེས་༤ ནས་ཉིན་གྲངས་གཉིས་ཀྱི་རིང་ཨོ་གླིང་དབོན་སྤྲུལ་ཆོས་ཚོགས་ཀྱིས་གོ་སྒྲིག་འོག་འཛམ་གླིང་སྤྱི་ལ་ཞི་བདེ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གཙོས་པའི་རིས་མེད་སྐྱེས་ཆེན་རྣམས་སྐུ་ཚེ་ཞབས་པད་བརྟན་པ། གངས་ཅན་པའི་རྒུད་པ་གསོ་ཞིང་སྤྱི་མཐུན་བསོད་ནམས་སྤེལ་སླད་གུ་རུའི་འབུམ་ཚོགས་ཤིག་ཚོགས་ཡོད་འདུག

སྐབས་དེར་གསེར་རྟ་མཁན་ལེབ་དགོན་པའི་དབོན་སྤྲུལ་ཆོས་དབྱིངས་རང་གྲོལ་གྱིས་ཨོ་གླིང་ལྟ་བུའི་ས་ཆ་ཞིག་ནས་སྐྱེས་འཚར་བྱུང་བའི་བོད་རིགས་ཀྱི་བྱིས་པ་འདི་ཚོ་ལ་ནང་པའི་ཆོས་ཀྱི་བག་ཆགས་འཇོག་དགོས་པ་ཤིན་ཏུ་གལ་ཆེན་ཡིན་པ་དང་། རྒྱལ་ཁབ་མི་འདྲ་བ་དང་རིག་གནས་མི་འདྲ་བའི་སྤྱི་ཚོགས་ནང་ནས་འཚར་ལོངས་འབྱུང་སྐབས་ཆོས་ལུགས་གཞན་དང་རིག་གནས་གཞན་གྱིས་ཤུགས་རྐྱེན་ཐེབས་ནས་རིམ་བཞིན་མི་རིགས་ཀྱི་ངོ་བོ་འགྱུར་འགྲོ་བཞིན་ཡོད་པས། བོད་ཀྱི་ཆོས་དང་རིག་གཞུང་གཅིག་པ་ཡིན་པ་ཚོ་གང་ཐུབ་བདག་པོ་རྒྱག་རྒྱུ་གལ་ཆེན་དུ་མཐོང་གི་ཡོད་པའི་སྐོར་དང་། དེ་བཞིན་ཁོང་ཉིད་རྒྱ་གར་ལ་བཞུགས་དུས་དང་ཨོ་གླིང་ལ་ཕེབས་པའི་རྗེས་བླ་མ་ཞིག་གི་མིང་ཡོད་པའི་ཆ་ནས། བོད་ཀྱི་ཆོས་དང་རིག་གཞུང་གཅིག་པ་ཡིན་མཁན་ཚོ་བདག་པོ་རྒྱག་རྒྱུ་དང་སྤྱི་ཚོགས་ཞབས་ཞུའི་ལས་འགུལ་སྤེལ་རྒྱུ་བཅས་ནི་རང་ཉིད་ཀྱི་ལས་འགན་དུ་བརྩིས་ཡི་ཡོད་པ་དང་། འཛམ་གླིང་ཞི་བདེ་ཡོང་བ་དང་སྙིགས་དུས་ཀྱི་ནད་མུག་དང་དམག་འཁྲུག་སོགས་རྒུད་ཚོགས་མཐའ་དག་ཞི་བའི་ཕན་ཡོན་དང་ལྡན་པས་ལོ་ལྟར་ཨོ་གླིང་དུ་སྟོན་པའི་འཁྲུངས་སྐར་དང་གུ་རུའི་འབུམ་ཚོགས་འཚོགས་ཀྱི་ཡོད་པ་མ་ཟད། ཨོ་གླིང་དུ་བོད་མི་ཚོས་ཀྱང་ཆོས་ཕྱོགས་ཀྱི་བྱེད་སྒོ་དག་ལ་མཉམ་ཞུགས་གནང་གི་ཡོད་རབས་བརྗོད་གནང་སོང་།

ཨོ་སི་ཏྲི་ལ་ཡའི་གནས་བཞུགས་སྤྲུལ་སྐུ་ཆོས་དབྱངས་རང་གྲོལ་རིན་པོ་ཆེ་མཆོག་ནས་ལོ་ལྟར་སྟོན་པའི་འཁྲུངས་སྐར་དང་གུ་རུའི་འབུམ་ཚོགས་འཚོགས་ཀྱི་ཡོད་པ་དང་། ཐེངས་འདི་གུ་རུ་འབུམ་ཚོགས་ཐེངས་བདུན་པ་ཆགས་ཡོད་ཅིང། འབུམ་ཚོགས་སུ་འབྲུག་པ་བརྒྱ་ཙམ་མཉམ་ཞུགས་བྱས་ཡོད་འདུག་ལ། འབུམ་ཚོགས་ཀྱི་འགྲོ་གྲོན་ཡོངས་རྫོགས་དབོན་སྤྲུལ་ཆོས་དབྱིངས་རང་གྲོལ་ཁོང་ཉིད་ཀྱིས་བཏང་ཡོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།