ཨོ་གླིང་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ ༩ པ་བསྐོང་ཚོགས་གནང་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༩ ཉིན་ཨོ་གླིང་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་དགུ་པ་དེ་མེལ་བྷོར་ (Melbourne) རུ་ཚོགས་ཡོད་འདུག
ཨོ་གླིང་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་དགུ་པའི་ཚོགས་ཆེན་ཐོག་ཏུ་ཨོ་གླིང་སྐུ་ཚབ་དོན་གཅོད་ཀརྨ་སེངྒེ་དང་། སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས། ཨོ་གླིང་བོད་རིགས་ཚོགས་པའི་ཚོགས་གཙོ། ཝེག་ཊོ་ར་ཡ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བཅས་ཨོ་གླིང་ས་གནས་བདུན་ནས་ཚོགས་བཅར་བ་མི་གྲངས་ ༡༢༠ ལྷག་མཉམ་ཞུགས་གནང་ཡོད་འདུག
དེ་བཞིན་ཐེངས་འདིའི་ཚོགས་ཆེན་སྐབས་ས་གནས་སོ་སོའི་སྐུ་ཚབ་ནས་གྲོས་གཞི་གཙོ་བོ་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་གནང་ཕྱོགས་དང་། བོད་དོན་ཞུ་གཏུག་ཚགས་ཚུད་གཏོང་ཐབས། ཨོ་གླིང་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་ཡར་རྒྱས་གཏོང་ཕྱོགས་ཀྱི་གྲོས་གཞིའི་ཐོག་བགྲོ་གླེང་གནང་ཡོད་འདུག
དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༧ ནས་ཉིན་གྲངས་བཞིའི་རིང་ཨོ་གླིང་ཝིག་ཊོ་རི་ཡ་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག བུད་མེད་ཀྱི་ནུས་སྟོབས་གོང་འཕེལ་ལ་དམིགས་ནས་ཨོ་གླིང་བོད་ཀྱི་གཞོན་སྐྱེས་ལུས་རྩལ་འགྲན་ཚོགས་ཤིག་འཚོགས་ཡོད་ཅིང་། ཐེངས་འདིའི་ལུས་རྩལ་འགྲན་ཚོགས་ནང་དུ་ཨོ་གླིང་གི་ས་གནས་ཁག་བདུན་གྱི་རྐང་རྩེད་སྤོ་ལོའི་རུ་ཁག་དྲུག་དང་། བུའི་སིལ་སྤོལ་རུ་ཁག་བརྒྱད། བུད་མེད་སིལ་སྤོལ་རུ་ཁག་བཞི་བཅས་རྩལ་འགྲན་པ་ ༡༥༠ ལྷག་མཉམ་ཞུགས་བྱས་འདུག
ཐེངས་འདིའི་ཚོགས་བཅར་བ་རྣམས་ཚོགས་ཆུང་གསུམ་དུ་བགོས་ནས་གྲོས་གཞི་གསུམ་དེ། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་རྒྱུད་འཛིན་བྱེད་ཕྱོགས་སྐོར་དང་། བོད་དོན་ལས་འགུལ་གྱི་ནུས་པ་གོང་མཐོར་གཏོང་ཕྱོགས་སྐོར། བོད་རིགས་མཐུན་ཚོགས་ཁག་སྲ་བརྟན་གོང་མཐོར་གཏོང་ཕྱོགས་བཅས་ཀྱི་ནང་གསེས་དོན་ཚན་ཁག་ལས། གཟའ་མཇུག་སློབ་གྲྭ་མུ་མཐུད་དུ་ཡར་རྒྱས་གཏོང་ཕྱོགས་དང་། དགུན་ཁའི་གུང་སེང་ལ་ཕྲུ་གུ་རྒྱ་གར་ལ་ཟབ་སྦྱོང་དུ་མུ་མཐུད་གཏོང་དགོས་པའི་སྐོར། བོད་ཡིག་ཨོ་གླིང་གི་གཞུང་འབྲེལ་སྐད་ཡིག་ནང་དུ་འཇོག་པར་འབད་བརྩོན་བྱེད་པ། བོད་པའི་དུས་ཆེན་སྐབས་སུ་བོད་ཆས་གྱོན་པ། ༧གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་ལ་གཞུང་འཛིན་ཐོག་ནས་གདོང་ལེན་བྱེད་ཕྱོགས། ཆབ་སྲིད་བཙོན་པ་བཙོན་གྲོལ་ཆེད་དུ་ལས་འགུལ་སྤེལ་བ་སོགས་ཀྱི་དོན་ཚན་ཁག་སྤྱི་མོས་གཏན་འབེབ་བྱུང་ཡོད་འདུག


གསར་འགོད་པ། ཆོས་གྲགས།