ཨོ་སི་ཀྲོ་ལི་ཡ་ནས་རྒྱ་རིགས་གནད་ཡོད་མི་སྣ་ཞིག་ལ་ཉེས་འཛུགས་བྱས་ཡོད་འདུག
ཨོ་སི་ཀྲོ་ལི་ཡའི་ཕྱིའི་རྒྱལ་ཁབ་ཁག་གི་ཐེ་བྱུས་བཀག་འགོག་གི་ཁྲིམས་འོག་ཏུ། ཐེངས་དང་པོར་རྒྱལ་ཁབ་དེའི་མི་སེར་རྒྱ་རིགས་གནད་ཡོད་མི་སྣ་ཞིག་ལ་ཉེས་འཛུགས་བྱས་ཡོད་འདུག་པ་དང་། འོན་ཀྱང་ད་ལྟའི་ཆར་ཉེས་འཛུགས་ཀྱི་ཞིབ་ཕྲའི་གནས་ཚུལ་ཕྱིར་བསྒྲགས་བྱས་མེད་འདུག
ཟླ་༡༡ པའི་ཚེས་༦ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨོ་སི་ཀྲོ་ལི་ཡ་ནང་དུ་ཞི་བདེ་རྒྱ་མཚོའི་རྒྱ་རིགས་སྤྱི་མཐུན་ཚོགས་པ་ཞེས་པའི་ཚོགས་གཙོ་དང་། མེལ་བྷོན་གྲོང་ཁྱེར་གྱི་རྒྱ་ནག་དང་ཨོ་སི་ཀྲོ་ལི་ཡའི་ལོ་རྒྱུས་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་ཡིན་པ་རང་ལོ་༦༥ སོན་པའི་རྒྱ་རིགས་(Duong Di Sanh) ནི། ཨོ་སི་ཀྲོ་ལི་ཡའི་རྒྱ་རིགས་མང་ཚོགས་ནང་དུ་གནད་ཡོད་མི་སྣ་ཞིག་ཡིན་འདུག་ཀྱང་། ཐེངས་འདིར་ཨོ་སི་ཀྲོ་ལི་ཡ་གསང་བའི་ལས་ཁུངས་དང་ཕྱིའི་རྒྱལ་ཁབ་ཁག་གི་ཐེ་བྱུས་བཀག་འགོག་ལས་ཁང་བཅས་ཀྱིས་ལོ་གཅིག་རིང་ཞིབ་འཇུག་བྱས་རྗེས། ཁོང་ལ་ཕྱིའི་རྒྱལ་ཁབ་ཀྱི་ཐེ་བྱུས་ཀྱི་འགལ་འཛོལ་སྤེལ་བའི་གྲ་སྒྲིག་བྱས་ཡོད་པའི་ཉེས་འཛུགས་བྱས་ཡོད་འདུག་པ་དང་། ཚེས་༥ ཉིན་མེལ་བྷོན་གྱི་ཁྲིམས་ཁང་དུ་ཉན་ཞིབ་ལ་སླེབས་ཡོད་འདུག
ཕྱི་ལོ་༢༠༡༨ ལོར་ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་ཀྱིས་རྒྱལ་ཁབ་དེའི་ཆབ་སྲིད་དང་དཔལ་འབྱོར། ཤེས་ཡོན་སོགས་ཀྱི་ཁོར་ཡུག་ནང་དུ་རྒྱ་ནག་གི་ཐེ་བྱུས་དང་ཤུགས་རྐྱེན་བཀག་འགོག་བྱེད་ཆེད་དུ། ཕྱིའི་རྒྱལ་ཁབ་ཁག་གི་ཐེ་བྱུས་བཀག་འགོག་གི་ཁྲིམས་གསར་པ་ཞིག་གཏན་འབེབས་བྱས་ཡོད་པ་རེད། ཁྲིམས་དེའི་དམིགས་འབེན་ནི་རྒྱ་ནག་ཁོ་ན་ཡིན་པ་གསལ་པོ་ཡིན་པས། རྒྱ་ནག་གིས་ངོ་རྒོལ་ཆེན་པོ་བྱས་ཡོད་པ་རེད། ཁྲིམས་དེ་གཏན་འབེབས་བྱས་པའི་རྗེས་སུ་དེའི་འོག་ཏུ་ཉེས་འཛུགས་དང་པོ་དེ་རྒྱ་རིགས་(Duong Di Sanh) ཡིན་པ་ཨོ་སི་ཀྲོ་ལི་ཡའི་ཉེན་རྟོག་དཔོན་གཞོན་པ་ཡིས་བརྗོད་འདུག
ཟླ་༦ པའི་ནང་མེལ་བྷོན་གྱི་སྨན་ཁང་དུ་གནས་སྤོ་བ་དང་རིག་གཞུང་སྣ་མང་ལས་དོན་གྱི་ལས་ཚབ་བློན་ཆེན་དང་ལྷན་དུ་སླེབས་ནས། ཏོག་དབྱིབས་སྔོན་འགོག་གི་ལས་དོན་ཆེད་དུ་རྒྱ་རིགས་ཚོགས་པ་དེའི་ཞལ་འདེབས་ཨ་སྒོར་༣༧,༠༠༠ སྤྲད་འདུག་པ་དང་། གསར་འགོད་པའི་མདུན་དུ་ཐོན་ནས་ཚོགས་པ་དེས་ཨོ་སི་ཀྲོ་ལི་ཡ་ནང་དུ་ཞལ་འདེབས་སྤྲོད་བཞིན་ཡོད་སྐོར་སོགས་ཀྱི་བསྒྲགས་གཏམ་སྤེལ་ཡོད་འདུག སྤྱིར་བཏང་བྱས་ན་ཨོ་སི་ཀྲོ་ལི་ཡ་གཞུང་གི་ལས་ཁུངས་ཚོས་བློན་ཆེན་ཞིག་དང་ལྷན་དུ་མི་སྣ་ཞིག་གསར་འགོད་པའི་མདུན་དུ་མ་ཐོན་སྔོན་ལ། མི་སྣ་དེའི་རྒྱབ་ལྗོངས་ཞིབ་འཇུག་བྱེད་པའི་ལམ་ལུགས་ཡོད་འདུག་ཀྱང་། ཐེངས་འདིར་རྒྱ་རིགས་དེའི་ཐོག་ཞིབ་འཇུག་བྱས་ཡོད་མེད་དང་བྱས་ཡོད་ན་དོགས་ཡོད་གནས་ཚུལ་རྙེད་སོན་བྱུང་ཡོད་མེད་གང་ཡང་གསལ་པོ་མེད་ཁར། བློན་ཆེན་དེའི་སྐུ་ཚབ་ཀྱིས་གསར་འགོད་པ་ཚོར་གནད་དོན་དེའི་ཐོག་ཡ་ལན་བྱེད་ཀྱི་མེད་པ་རེད་འདུག
ཉེན་རྟོག་དཔོན་གཞོན་པ་དེས་གསར་འགོད་པ་ཚོར། ཕྱིའི་རྒྱལ་ཁབ་ཁག་ལ་ཐེ་བྱུས་བཀག་འགོག་རུ་ཁག་གིས་མི་དེའི་ལས་དོན་འགོ་སྟོད་ནས་སྔོན་འགོག་བྱེད་པའི་ལས་དོན་སྤེལ་ཡོད་པ་དང་། ཕྱིའི་རྒྱལ་ཁབ་ཁག་གི་ཐེ་བྱུས་དེ་ནི་ཨོ་སི་ཀྲོ་ལི་ཡའི་ཁེ་ཕན་དང་འགལ་ཟླ་འགྲོ་ཡི་ཡོད་ཁར། ཁོ་ཚོའི་མང་གཙོའི་ལམ་ལུགས་ལ་ཐད་ཀར་གནོད་ཀྱི་ཡོད་པ། དེ་ནི་གཡོ་སྒྱུ་དང་རུལ་སུངས་ཡིན་པ། རྒྱུན་ལྡན་གཞུང་ཁག་བར་གྱི་འབྲེལ་ལམ་ལས་དོན་ལས་བརྒལ་ནས་འགྲོ་ཡི་ཡོད་སྐོར་བརྗོད་འདུག
ད་ལྟའི་ཆར་རྒྱ་རིགས་དེར་གཏའ་དངུལ་ཐོག་ནས་གནས་སྐབས་གློད་གྲོལ་ཐུབ་འདུག་པ་དང་། ཟླ་༣ པའི་ནང་ཁྲིམས་ཁང་དུ་བསྐྱར་དུ་ཡོང་དགོས་ཀྱི་ཡོད་འདུག ཁོང་དང་འབྲེལ་བ་ཡོད་པའི་འགྲེམས་སྟོན་ཁང་དེའི་སྤྱི་ཁྱབ་འགན་འཛིན་གྱིས་ཉེས་འཛུགས་འོག་ཡོད་པའི་རྒྱ་རིགས་དེས་ཚུལ་མིན་ལས་དོན་སྤེལ་གྱི་ཡོད་པ་བསམ་བློ་འཁོར་ཡང་ཐུབ་ཀྱི་མེད་སྐོར་བརྗོད་འདུག
ཨོ་སི་ཀྲོ་ལི་ཡ་གཞུང་གིས་ཏོག་དབྱིབས་ནད་དུག་འབྱུང་ཁུངས་ཐོག་ལ་རང་དབང་ལྡན་པའི་རྒྱལ་སྤྱིའི་རྟོག་ཞིབ་བྱེད་དགོས་པའི་དགོས་འདུན་བཏོན་ཡོད་ཁར། ཧོང་ཀོང་ནང་དུ་ལག་བསྟར་བྱས་པའི་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་ལ་ཡང་དགག་པ་བརྒྱབ་ཡོད་པས། རྒྱ་ནག་གིས་ཨོ་སི་ཀྲོ་ལི་ཡ་ནས་གླང་ཤ་ནང་འདྲེན་བཀག་འགོག་བྱས་པ་སོགས་རྒོལ་ལན་བསློགས་ཡོད་ཁར། ཟླ་༩ པའི་ནང་རྒྱ་ནག་ནང་དུ་ཡོད་པའི་ཨོ་སི་ཀྲོ་ལི་ཡའི་གསར་འགོད་པ་མཐའ་མ་གཉིས་བདེ་འཇགས་ཀྱི་སེམས་འཚབ་འོག་ཕྱིར་ལོག་བྱས་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།
